Tibetan Royal Year of 2151 | Year of the Wood Dragon

སྲིད་སྐྱོང་མཆོག་གིས་སྦེང་ལོར་ནང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་མཇལ་འཕྲད།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ Baltic རྒྱལ་ཁབ་གསུམ་དང་། གཞན་ཡང་ Finland དང་དབྱིན་ཡུལ། Belgium བཅས་ཀྱི་གཞུང་འབྲེལ་འཚམས་གཟིགས་ལེགས་གྲུབ་ཀྱིས་ཁ་ཉིན་ཕྱི་ཚེས་ ༦ སྔ་དྲོ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་ཆེད་ཕེབས་དང་འབྲེལ། ཁུལ་དེའི་མཐོ་སློབ་ཞིག་ཏུ་བོད་དོན་གསུང་བཤད་དང་། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ Nirupama Rao ལགས་དང་མཇལ་མོལ་གནང་འདུག

དེའང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་ཐོན་པའི་གནས་ཚུལ་ལ་གཞིགས་ན། སྲིད་སྐྱོང་མཆོག་གིས་དེ་ཉིན་ཁུལ་དེའི་ཧིན་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ Mount Carmel མཐོ་སློབ་ཀྱི་དགེ་སློབ་རྣམས་ལ་བོད་མཐོ་སྒང་གི་གལ་གནད་ཐད་དང་། ལྷག་པར་འཛམ་གླིང་གི་ཡང་རྩེར་འབོད་པའི་བོད་མཐོ་སྒང་གི་གོ་ལའི་གནམ་གཤིས་དང་། ཁོར་ཡུག ས་འབབ་བཅས་ལ་ཤུགས་རྐྱེན་ཇི་ཡོད་སོགས་ཀྱི་གསུང་བཤད་གནང་འདུག

སྲིད་སྐྱོང་མཆོག་གིས་སྐབས་དེར་ད་དུང་འཕགས་བོད་གཉིས་དབར་གྱི་འདས་པའི་ལོ་རྒྱུས་དང་། རིག་གཞུང་། ས་ཁམས་བཅས་ཀྱི་འབྲེལ་ལམ་སྐོར་གསུང་བཤད་གནང་བ་མ་ཟད། ལས་རིམ་དེའི་ཐོག་མཐོ་སློབ་དེའི་ཆབ་སྲིད་ཚན་རིག་སྡེ་ཚན་གྱི་སློབ་མ་ཁག་གཅིག་ཕེབས་པ་རྣམས་ཀྱི་དྲི་བ་ཁག་ལ་ལན་འདེབས་གནང་འདུག

སྲིད་སྐྱོང་མཆོག་གིས་ཉིན་དེར་ད་དུང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་ Nirupama Rao ལགས་དང་ལྷན་ཁོང་གི་བཞུགས་གནས་སུ་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་རྣམ་པ་གཉིས་དབར་བོད་ཀྱི་ད་ལྟའི་གནས་སྟངས་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་གནས་བབ་སྐོར་ལ་བཀའ་བསྡུར་གནང་བ་མ་ཟད། ལྕམ་སྐུ་མཆོག་ལ་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་ཞུ་སྐུལ་གནང་འདུག

གཞི་རྩའི་ལྕམ་སྐུ་ Nirupama Rao ལགས་ཀྱིས་ཉེ་སྔོན་རྒྱ་དཀར་ནག་གཉིས་ཀྱི་གནད་དོན་ཙམ་མ་ཟད་རྒྱ་ནག་གི་བོད་བཙན་འཛུལ་བྱེད་སྐབས་དང་དེའི་མཇུག་འབྲས་སྐོར་སོགས་འཁོད་པའི་དཔེ་དེབ་ The Fractured Himalaya: India Tibet China 1949-62 ཞེས་པ་ལོ་རྒྱུས་ཀྱི་ཕྱག་དེབ་ཞིག་འདོན་སྤེལ་གནང་ཡོད་པ་དང་། ཁོང་གི་ཕྱག་དེབ་དེ་དང་འབྲེལ་བའི་བཅར་འདྲིའི་ལས་རིམ་ཁྲོད། ཕྱི་ལོ་ ༡༩༦༢ ལོའི་རྒྱ་དཀར་ནག་གཉིས་དབར་གྱི་དམག་འཁྲུག་དང་ཉེ་ས་ནས་ཕྱི་ལོ་ ༢༠༢༠ ལོར་ Galwan ལུང་གཤོངས་སུ་བྱུང་བའི་ཕྱོགས་གཉིས་དབར་གྱི་གདོང་ཐུག་གི་གནད་དོན་སོགས་ནི་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱ་གར་ལ་ཐེབས་པའི་ཤུགས་རྐྱེན་ཆེ་ཤོས་དེ་ཆགས་ཡོད་སྐོར་གསུངངས་པ་དང་འབྲེལ། རྒྱ་གར་གྱི་སྐབས་དེའི་སྲིད་བྱུས་གཏན་འབེབས་གནང་མཁན་གྱི་དབུ་ཁྲིད་ཚོས་བོད་དང་འབྲེལ་བའི་རྒྱ་གར་གྱི་ཕུགས་རྒྱང་ཐོག་དགོངས་པ་དེ་ཙམ་བཞེས་ཐུབ་མེད་པ་དང་ལྷག་པར་དེ་སྔ་བོད་ནང་ཡོད་པའི་རྒྱ་གར་གྱི་རང་དབང་དང་ཐོབ་ཐང་དེ་དག་སྲུང་སྐྱོབ་མ་ཐུབ་པར་རྒྱ་ནག་གི་ལག་ཏུ་སྤྲད་ཡོད་པར་དགོངས་ཚུལ་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། ད་ལྟའི་འཆར་རྒྱ་གར་གྱི་ངོས་ནས་བོད་དོན་ཐོག་སྔར་ལྷག་གནང་ཐུབ་རྒྱུ་ཡོད་པ་དང་། དེའང་གཙོ་བོ་བཙན་བྱོལ་ནང་ཡོད་པའི་བོད་མིའི་དབུ་ཁྲིད་དང་རྒྱ་ནག་དབར་བོད་ཀྱི་མ་འོངས་གནས་བབ་སྐོར་གྲོས་བསྡུར་དང་གྲོས་མོལ་ཡོང་བར་འབད་བརྩོན་གནང་དགོས་སྐོར་གསུངས་ཡོད་པ་རེད།

པར་བདག་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།