Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་གྲོས་ཚོགས་སུ་བོད་དོན་སྐོར་ཉན་ཞིབ་ཚོགས་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་བོད་མི་ཚོ་སེམས་རྒྱུད་བཟང་པོ་བྱ་དགོས་གལ་ཡིན་པའི་བཀའ་ནན་སྩལ་སོང་།
  • རྒྱ་གར་ཚེའི་རིག་འབྱེད་ཀྱི་གཞུང་ཕྱི་མོར་གྲགས་པ་ཙ་ར་ཀའི་བསྡུ་བའི་སྐོར་བཅར་འདྲི།

Saturday 24/02/2024

  • Being a good human being is our responsibility as a Tibetan: Dalai Lama confers Jataka teaching at Tsuklakhang
  • In conversation with Prof. Rakdo Lobsang Tenzin Rinpoche on Tibetan translation of Charaka Samhita

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་གཙོས་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྩ་མེད་དང་། བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མིའི་ཐོག་དམ་བསྒྲགས་དང་ལྟ་སྲུང་གི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་སོགས་དང་འབྲེལ་བོད་དོན་སྐོར་ལ་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་གནང་བའི་ཉན་ཞིབ་ཀྱི་ལས་རིམ་ཐོག་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་རྣམ་གཉིས་ཀྱིས་གཙོས་པའི་གྲོས་ཚོགས་གོང་འོག་གཉིས་ཀྱི་གནད་ཡོད་མི་སྣ་དང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་ Richard Gere ལགས། བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས། ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་ཞབས་ Chris Smith ལགས་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་སློབ་མ་རྣམས་རྒྱ་ནག་གིས་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བ་སོགས་མི་རིགས་ཀྱི་ངོ་བོ་རྩ་མེད་དང་། བོད་མི་རྣམས་ཀྱི་ངོས་ནས་ཆོག་མཆན་མེད་བཞིན་དུ་བཙན་དབང་གིས་བོད་མི་མང་ཚོགས་ཀྱི་རིགས་རྫས་མཁོ་སྒྲུབ་བྱས་ཏེ་ལྟ་སྲུང་དང་དམ་བསྒྲགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་པ་སོགས་ཐེར་འདོན་གནང་སྟེ། བོད་དོན་ཉན་ཞིབ་ལས་རིམ་འདི་ནི་རྒྱ་ནག་གཞུང་གིས་བྱས་བབ་ཁག་ལ་འཛེམ་ཟོན་མེད་པར་ཐེར་འདོན་གནང་རྒྱུའི་ལས་རིམ་གལ་ཆེ་ཞིག་ཡིན་པར་མ་ཟད། ཞི་ཅིན་ཕིང་གིས་སྣེ་ཁྲིད་བཞིན་པའི་རྒྱ་ནག་གཞུང་གི་བྱེད་བབ་དེ་དག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་རྩ་འཛིན་ལྟར་བྱས་ན་མི་རིགས་སྡེབ་གསོད་དང་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་གཏང་རྒྱུའི་ནག་ཉེས་ཅན་གྱི་བྱ་སྤྱོད་ཅིག་རེད་ཅེས་གསུངས་ཡོད། 

དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ལ་ཡོད་པའི་བོད་མི་རྣམས་རང་ཉིད་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུར་དམ་བསྒྲགས་དང་། ཨ་རི་གཙོས་ཕྱིའི་རྒྱལ་ཁབ་ཁག་ཏུ་ཐབས་བྱུས་སྣ་ཚོགས་ཐོག་ནས་དམ་བསྒྲགས་དང་ལྟ་སྲུང་གི་ལས་གཞི་སྤེལ་བཞིན་ཁག་ཐེར་འདོན་དང་སྦྲགས། ཨ་རིའི་ངོས་ནས་བོད་ཀྱི་གནད་དོན་ཞི་གྲིག་ཡོང་ཐབས་དང་། བོད་ཀྱི་ལོ་རྒྱུས་གནས་བབ་གསལ་འདོན་གནང་རྒྱུ་སོགས་ལ་དམིགས་ཏེ་ད་ཆ་གྲོས་ཚོགས་ནང་ཆེད་འདོན་ཟིན་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་གཏན་འབེབས་ཐུབ་རྒྱུར་ནུས་པ་གང་ཡོད་འདོན་རྒྱུ་ཡིན་ཞེས་གསུངས་འདུག

ཉན་ཞིབ་ལས་རིམ་ཐོག་དྲ་ཐོག་ནས་ལྷན་ཞུགས་གནང་བ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ Uzra Zeya ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་དག་བོད་ཀྱི་སྐད་དང་ཆོས་རིག་གཙོས་མི་རིགས་ཀྱི་ངོ་བོ་རྩ་མེད་བཏང་དང་གཏོང་བཞིན་ཡོད་པར་མ་ཟད་དྲག་པོའི་སྲིད་བྱུས་དེ་དག་བརྒྱུད་རིམ་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་དོ་ཕོག་གཏང་བར་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་གསུངས་པ་དང་སྦྲགས། ད་ལྟའི་ཨ་རིའི་གཞུང་གི་ངོས་ནས་ཡུལ་དེའི་གྲོས་ཚོགས་དང་། འབྲེལ་ཡོད་སྡེ་ཚན་ཁག་དང་མཉམ་རུབ་ཐོག་རྒྱ་གཞུང་གི་བྱེད་བབ་ལ་གདོང་ལེན་དང་བོད་ཀྱི་གནད་དོན་ལ་ནུས་གང་ཡོད་སྤུང་བར་ཆོད་སེམས་གཏན་པོ་ཡིན་ཞེས་གསུངས་ཡོད། 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ནས་བོད་དོན་སྐོར་ཉན་ཞིབ་རིམ་ཞིག་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་མི་རྣམས་གང་བྱུང་དུ་འཛིན་བཟུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་མུ་མཐུད་བརྩི་མེད་རྡོག་རོག་དང་། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ཁྲོད་ད་བར་བོད་མི་ ༡༥༧ ལྷག་གིས་སྐུ་ལུས་ཞུགས་འབུལ་གནང་བའི་གནས་སྟངས། ལྷག་དོན་ད་ཆ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་དང་སྐད་གཅིག རིག་གཞུང་གཅིག་སོགས་ཀྱི་སྲིད་བྱུས་བཟུང་སྟེ་བོད་མི་རིགས་རྩ་བརླག་གཏོང་ཐབས་བྱེད་བཞིན་ཡོད་པ་སོགས་སྙན་སེང་ཞུས་པ་དང་ཚབས་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་བོད་རྒྱའི་དཀའ་རྙོག་དེ་འཚེ་མེད་ཞི་བའི་གྲོས་མོལ་ཐོག་ནས་ཞི་འགྲིག་ཡོང་རྒྱུར་འབད་རྩོན་གནང་མུས་ཡིན་ཞེས་གསུངས་ཡོད།  

སྲིད་སྐྱོང་མཆོག་གིས་ད་དུང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྣམས་འདོད་པ་མེད་བཞིན་དུ་གཞིས་སྤོས་བྱས་པ་དང་། བླ་སྤྲུལ་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པ། བོད་མཐོ་སྒང་གི་ཁོར་ཡུག་དང་ཆུ་བོའི་གལ་གནད་དོན་སོགས་འགྲེལ་བརྗོད་དང་སྦྲགས། ཨ་རི་གཞུང་དང་མི་སེར་ཡོངས་ནས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བར་དགའ་བསུ་ཞུས་པ་དང་། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་གནང་རྒྱུར་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་འདུག

དེ་བཞིན་ཉན་ཞིབ་ལས་རིམ་ཐོག་བདེན་དཔང་དུ་ཕེབས་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Richard Gere ལགས་ཀྱིས་ཐུགས་ཚོར་ཆེན་པོའི་ཐོག་ནས་ཁོང་བོད་པའི་སྤྱི་ཚོགས་དང་ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་སྟངས་ཀྱི་བརྒྱུད་རིམ་དང་། ད་བར་ལོ་ངོ་བཞི་བཅུ་ལྷག་གི་རིང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བའི་མྱོང་བ་སོགས་འགྲེལ་བརྗོད་གནང་བར་མ་ཟད། ད་ལྟའི་ཆར་བོད་ནང་དུ་རྒྱ་ནག་གཞུང་གིས་དབང་བསྒྱུར་དང་དྲག་གནོན་གྱི་གནས་སྟངས་ཉིན་རེ་བཞིན་དུ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་ཁྲོད་བོད་ཀྱི་གཞོན་སྐྱེས་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་སོགས་བོད་མི་ ༡༥༠ ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་དང་། ཕྱི་ཕྱོགས་སུ་བོད་ཀྱི་གནས་སྟངས་འགྲེལ་བརྗོད་བྱས་པའི་རྐྱེན་གྱིས་བླ་བྲང་འཇིགས་མེད་ལགས་ལོ་ལྔའི་རིང་བཙོན་འཇུག་བྱས་ཏེ་མཐར་གློད་བཀྲོལ་བཏང་སྐབས་ནད་གཅུང་ཆགས་ནས་འདས་གྲོངས་སུ་ཕྱིན་པ་སོགས་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས། དེ་བཞིན་ཞི་ཅིན་ཕིང་གིས་བོད་མི་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བཞིན་པ་སོགས་ཐེར་འདོན་གནང་ཡོད། 

བདེན་དཔང་དུ་ཕེབས་པ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་དེང་སྐབས་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པོར་རྒྱ་ནག་གཞུང་གིས་བོད་ཕྲུག་སློབ་མ་བརྒྱ་ཆ་བརྒྱད་ཅུ་ཙམ་ཆུང་དུས་ནས་བཙན་དབང་ཐོག་རྒྱ་གཞུང་གི་ཆེད་འཛུགས་བྱས་པའི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་སྟེ་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་དང་ཁ་བྲལ་གཏོང་བཞིན་ཡོད་པ་སོགས་ཞིབ་རྒྱས་སུ་འགྲེལ་བརྗོད་གནང་ཡོད།

བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་ནང་ཙམ་མ་ཟད། ཕྱི་ཕྱོགས་སུ་ཡོད་པའི་བོད་མི་ཚོར་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་གནོན་ཤུགས་སྤྲོད་བཞིན་པའི་གནས་སྟངས་དཔེ་མཚོན་དང་བཅས་འགྲེལ་བརྗོད་གནང་འདུག 

ཁ་སང་ཉན་ཞིབ་ལས་རིམ་གནང་སྐབས་ཨ་རི་ནང་གི་བོད་མི་མི་ཉུང་བ་ཞིག་རྒྱལ་ས་ Washington DC དུ་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གནད་ཡོད་མི་སྣ་ཚོར་བོད་དོན་ཞུ་གཏུག་གནང་བཞིན་ཡོད་སྟབས། ཉན་ཞིབ་ལས་རིམ་ཐོག་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་དང་། ཞུ་གཏུག་གི་ལས་རིམ་ཐོག་ཕེབས་པ་ཆབ་སྲིད་བཙོན་ཟུར་ངག་དབང་སངས་སྒྲོན་ལགས་གཙོས་བོད་མི་རྒན་གཞོན་མི་ཉུང་བ་ཞིག་ཟུར་ཉན་དུ་བཅར་འདུག

འབྲེལ་ཡོད་གསར་གནས།

གསར་གནས།