དེ་རིང་སྤྱི་ཚེས་ ༦ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ Florida མངའ་སྡེའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱི་རང་གི་དྲ་གནས་སུ་གནས་ཚུལ་སྤེལ་བ་ནང་གསལ་ལྟར་ན། ཁོང་གི་གཙོས་པའི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཤར་ཏུར་ཀིས་ཊན་གྱི་ཡུ་གུར་མི་རིགས་གཙོས་པའི་གྲངས་ཉུང་མི་རིགས་གཞན་ཚོར་མུ་མཐུད་དྲག་གནོན་བྱེད་བཞིན་པ་ལ་གདོང་ལེན་གྱི་ཚུལ་དུ་ཨ་རིའི་གྲོས་ཚོགས་ནང་སླར་ཡང་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་ཞིག་ཆེད་འདོན་གནང་འདུག

དེ་ཡང་སྥྱི་ལོ་ ༢༠༢༠ ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Marco Rubio ལགས་ཀྱིས་སྣེ་ཁྲིད་འོག་ The Uyghur Human Rights Policy Act ཞེས་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་ཞིག་གཏན་འབེབས་དང་འབྲེལ། ཨ་རིའི་གཞུང་གི་ཚན་པ་ཁག་ནས་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་ནག་གཞུང་གིས་ཤིན་ཅང་འམ་ཤར་ཏུར་ཀིས་ཊན་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་གནད་དོན་དག་ལ་ཞིབ་འཇུག་གི་སྙན་ཐོ་གྲོས་ཚོགས་སུ་ཕུལ་དགོས་པ་མ་ཟད། ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གྱི་འགན་འཁྲི་ཡོད་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པ་བཟོས་ཡོད་ཀྱང་། རིང་མིན་སྥྱི་ལོ་ ༢༠༢༥ ལོར་ཁྲིམས་འཆར་དེའི་ནང་གསལ་སྲིད་དོན་ཉེས་ཆད་ཀྱི་དུས་བཀག་རྫོགས་ཀྱི་ཡོད་པ་རེད་འདུག
དེ་འབྲེལ་སྐུ་ཞབས་ Marco Rubio ལགས་ཀྱིས་སྣེ་ཁྲིད་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས་ཀྱིས་རྒྱབ་སྐྱོར་འོག ཁ་སང་ཨ་རིའི་གྲོས་ཚོགས་ནང་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ཀྱིས་སླར་ཡང་ Uyghur Human Rights Policy Reauthorization Act of 2024 ཞེས་སྥྱི་ལོ་ ༢༠༢༤ ཡུ་གུར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཆར་བསྐྱར་འཛུགས་ཞེས་པ་ཆེད་འདོན་གནང་འདུག་པ་དང་། ཁོང་རྣམ་པ་གཉིས་ཀྱིས་ཁྲིམས་འཆར་དེ་གཙོ་བོ་ཡུ་གུར་གཙོས་རྒྱ་ནག་གི་གྲངས་ཉུང་མི་རིགས་གཞན་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་ཨ་རིའི་གཞུང་གི་རྒྱབ་སྐྱོར་སྲ་བརྟན་དུ་གཏོང་རྒྱུ་དང་། ལྷག་པར་མ་འོངས་པའི་ལོ་ལྔའི་རིང་ཁྲིམས་འཆར་དེའི་ནང་གསལ་ཛ་དྲག་གི་གནད་དོན་ཁག་གཅིག་མཇུག་སྐྱོང་བྱ་རྒྱུའི་ཆེད་དུ་ཆེད་འདོན་གནང་བ་ཞིག་ཡིན་པ་གསུངས་འདུག

གནད་དོན་དེ་དང་འབྲེལ་ནས་སྐུ་ཞབས་ Marco Rubio ལགས་ཀྱིས་ད་ལྟའི་ཆར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་རྒྱལ་མཚམས་བརྒལ་ཏེ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་ཡུ་གུར་མི་རིགས་དང་རྒྱ་རིགས་ཕྱོགས་འགལ་བ་ཚོར་དྲག་གནོན་བྱེད་བཞིན་པའི་ཁྲོད། དེར་གདོང་ལེན་གྱི་ཚུལ་དུ་དེ་ལྟ་བུའི་རྒྱ་གཞུང་གི་སྡིགས་ར་ལ་ཁ་གཏད་གཅོག་བྱེད་ཀྱི་ཐབས་ལམ་ངེས་པར་དུ་དགོས་ཀྱི་ཡོད་པས། ཁྲིམས་འཆར་བསྐྱར་འཛུགས་འདི་ནི་དགོས་མཁོ་ཅན་ཞིག་ཡིན་པར། ཕྱག་སྦྲེལ་འཐུས་མི་ཚོས་ཁོང་གིས་ཁྲིམས་འཆར་བཏོན་པ་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
ཕྱོགས་མཚུངས་སྐུ་ཞབས་ Jeff Merkley ལགས་ཀྱིས་རྒྱ་གཞུང་ནས་ཡུ་གུར་ཁ་ཆེ་མི་རིགས་ཚོ་སྡེབ་གསོད་དང་མནར་གཅོད་སྡུག་སྦྱོང་བཏང་བར་ང་ཚོའི་ཨ་རིའི་སྲིད་གཞུང་ནས་ངན་པ་ལག་སྦྲེལ་བྱེད་ཀྱི་མེད་པའི་བརྡ་ལན་གཙང་མ་མུ་མཐུད་སྤྲད་དགོས་པའི་འགྲེལ་བརྗོད་དང་འབྲེལ། རྒྱ་གཞུང་གིས་ཤར་ཏུ་ཀིས་ཊན་དུ་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་གཞན་ཚོར་དྲག་གནོན་དང་བཙོན་འཇུག་དེ་བཞིན་བཙན་ཤེད་ཀྱིས་ངལ་རྩོལ་དུ་བཅུག་པ་མ་ཟད་རང་གི་ཆོས་དང་རིག་གཞུང་དོར་དགོས་པའི་བཙན་བཀའ་གཏོང་བཞིན་ཡོད་སྟབས། རྒྱ་གཞུང་གིས་མི་རིགས་སྡེབ་གསོད་དང་ཚབས་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་འགན་འཁྲི་འཁུར་དགོས་པའི་ཉེས་འཛུགས་ཐུབ་པའི་ཁྲིམས་འཆར་དེ་ཉིད་གཏན་འབེབས་བྱུང་དགོས་པ་ནི་ཆེས་གལ་གནད་ཅན་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག

གཞི་རྩའི་ལོ་འདིའི་ཟླ་བ་ ༥ པའི་ནང་ཡུ་གུར་བཙན་བྱོལ་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་མར་བོད་དོན་ལ་རྒྱབ་སྐྱོར་གྱི་ཁྲིམས་གཞི་ལྟར་ཡུ་གུར་གྱི་གནད་དོན་དང་འབྲེལ་ཁྲིམས་འཆར་གཏན་འབེབས་དགོས་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཁྱབ་ཁོངས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཆེད་འཛུགས་གནང་ཡོད་པ་བཞིན་ཡུ་གུར་གྱི་གནད་དོན་དང་འབྲེལ་བའི་དམིགས་བསལ་འབྲེལ་མཐུད་པ་ཞིག་གང་མགྱོགས་བསྐོ་བཞག་དགོས་པའི་ཞུ་སྐུལ་གནང་ཡོད་པ་རེད།