Tibetan Royal Year of 2151 | Year of the Wood Dragon

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྒྱ་ནག་འགོ་ཁྲིད་དང་ལྷན་བོད་དོན་གླེང་ཡོད་ཅེས་གསུངས་འདུག

Tibetan News Headlines

  • Gangjong Sherig Norling Educational Institute’s Closure Signals Heightened Assimilation Efforts in Tibet:  Discussion

རེས་གཟའ་སྤེན་པ། ༢༠༢༤།༠༧།༢༧

  • རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་གལ་གནད་དང་སྒོ་བརྒྱབ་པའི་ཤུགས་རྐྱེན། རྒྱ་གཞུང་གིས་བོད་སྐད་ཡིག་བཙན་སྒྱུར་གྱི་སྲིད་བྱུས་སྐོར་གླེང་མོལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་ཟླ་བ་འདིའི་ཕྱི་ཚེས་ ༡༨ དང་ ༡༩ བཅས་ཉིན་གྲངས་གཉིས་རིང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་ཏེ། ཞི་ཅིན་ཕིང་དང་། ཕྱི་སྲིད་བློན་ཆེན་ Qin Gang གཙོས་འགོ་ཁྲིད་ཁག་ཅིག་དང་ཐུག་འཕྲད་གནང་ཡོད་པ་དང་། ཕྱི་སྲིད་དྲུང་ཆེ་མཆོག་གིས་འགོ་ཁྲིད་ཐུག་འཕྲད་ཀྱི་མཛད་རིམ་ཁྲོད་ཨ་རི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་ནས་བོད་དང་ཤིན་ཅང་། ཧོང་ཀོང་། ཐེ་ཝན་སོགས་ཀྱི་གནད་དོན་གླེང་སློང་གནང་ཡོད་ཅེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༩ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་གིས་རྒྱ་ནག་ནང་གི་འཚམས་གཟིགས་མཇུག་སྒྲིལ་དང་འབྲེལ། གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་སྟེ། ཐེངས་འདིའི་འཚམས་གཟིགས་ཁྲོད་ཞི་ཅིན་ཕིང་གཙོས་རྒྱ་ནག་གི་འགོ་ཁྲོད་ཚོ་དང་ཐུག་འཕྲད་ཀྱིས་གྲོས་མོལ་སྐབས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་བཟང་དུ་གཏང་རྒྱུ་གཙོས་ཚོང་དང་བདེ་འཇགས་ཀྱི་གནད་དོན་སོགས་ཕྱོགས་ཡོངས་ནས་གྲོས་བསྡུར་ལྷུག་པོ་བྱུང་ཞེས་གསུངས་འདུག

ལྷག་པར་དུ་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་གནང་ཡོད་པ་དང་། དེའང་གཙོ་བོ་ཨ་རི་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་པའི་བོད་དང་ཤིང་ཅང་། དེ་བཞིན་ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་བྱུང་ཡོད་སྐོར་གསུངས་པ་མ་ཟད། ཨ་རིའི་ངོས་ནས་རྒྱ་ནག་དང་ལྷན་དུ་མི་མཐུན་པའི་ཕྱོགས་རྣམས་གསལ་འདོན་བྱས་པའི་ཐོག་མཐུན་ཕྱོགས་གནད་དོན་ཁག་ལ་མཉམ་རུབ་ཀྱི་ནུས་པ་འདོན་རྒྱུའི་གྲ་སྒྲིག་ཡིན་སྐོར་ཡང་གསུངས་འདུག

དེ་བཞིན་ཐེ་ཝན་གྱི་གནད་དོན་དང་འབྲེལ། ཨ་རིའི་ངོས་ནས་ཐེ་ཝེན་རང་བཙན་གྱི་གནད་དོན་ལ་ངོས་ལེན་མེད་པ་དེ་ལྟར་ཡང་། རྒྱ་ནག་ཕྱོགས་ནས་ཐེ་ཝེན་གྱི་གནད་དོན་དེར་དམག་དང་དྲག་པོའི་ལམ་ནས་ཐག་གཅོད་བྱས་ཚེ་དེ་ལའང་མོས་མཐུན་མེད་ཅེས་གསུངས་ཏེ། ཐེ་ཝན་གྱི་གནད་དོན་དེ་ནི་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱ་དགོས་པ་གསུངས་འདུག

ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ Antony Blinken མཆོག་དང་རྒྱ་ནག་གི་འགོ་ཁྲིད་དབར་གྱི་ཐུག་འཕྲད་དང་འབྲེལ་ CCTV རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཞི་ཅི་ཕིང་གིས་ཐེངས་འདིའི་ཐུག་འཕྲད་ཁྲོད་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དེ་བཟང་དུ་བཏང་ཡོད་ལུགས་བཤད་པ་དེ་ལྟར་ཡང་། འབྲེལ་ལམ་འདི་མུ་མཐུད་བཟང་པོ་ཡོང་བར་ཐེ་ཝན་གྱི་གནད་དོན་དང་འབྲེལ་ནས་ཨ་རིས་རྒྱ་ནག་རྒྱལ་ནང་གི་གནད་དོན་ཐད་ཐེ་བྱུས་བྱ་རྒྱུ་མེད་སྐོར་བཤད་འདུག

རྩ་བའི་ཐེངས་འདིའི་སྐུ་ཞབས་ Blinken མཆོག་རྒྱ་ནག་ནང་གི་འཚམས་གཟིགས་འདི་ལོ་ལྔ་ཡི་རྗེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་རྒྱ་ནག་ནང་ཕེབས་པ་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། སྐུ་ཞབས་ Blinken མཆོག་ནས་འཚམས་གཟིགས་ཁྲོད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ Qin Gang རིང་མིན་ཨ་རིར་ཡོང་རྒྱུའི་མགྲོན་འབོད་གནང་ཡོད་པ་རེད་འདུག 

འབྲེལ་ཡོད་གསར་གནས།

གསར་གནས།