Tibetan Royal Year of 2151 | Year of the Wood Dragon

ཨ་རུ་ནཱ་ཅལ་མངའ་སྡེ་ཞེས་གསལ་བར་བརྟེན་རྒྱ་གར་གྱི་ཚན་རིག་པའི་གྲུབ་དོན་སྙན་ཐོ་ཕྱིར་འཐེན།

Tibetan News Headlines

  • བོད་དང་ཧི་མཱ་ལ་ཡ། བོད་དང་འབྲས་ལྗོངས་དབར་གྱི་ཆོས་ཡོན་དང་ཆབ་སྲིད་ཀྱི་འབྲེལ་བ།

Sunday 14/04/2024

  • Tibet and the Himalayas: Unraveling Sikkim and Tibet’s Religious-Political Bonds

རྒྱ་གར་གྱི་ཚན་རིག་མཁས་པ་ Mukesh Thakur ལགས་དང་ Lalit Kumar Sharma ལགས། དེ་བཞིན་ Avijit Ghosh ལགས་བཅས་ཀྱིས་བོད་དང་རྒྱ་གར་བྱང་ཤར་ཁུལ་དུ་མཐོང་རྒྱུ་ཡོད་པའི་ White-Cheeked Macaque འམ་བོད་སྐད་ནང་ཡོངས་གྲགས་སུ་སྤྲེའུ་མེ་ཀ་ཞེས་པའི་རྒྱུད་པ་དང་རིགས་རྒྱུན་ཕྲ་རྫས་ལ་དཔྱད་ཞིབ་གནང་བའི་གྲུབ་དོན་སྙན་ཐོར་ཨ་རུ་ནཱ་ཅལ་མངའ་སྡེ་ཞེས་སྤྱོད་ཡོད་སྟབས་ཁོང་རྣམ་པའི་གྲུབ་དོན་སྙན་ཐོ་དེ་བཞིན་རྒྱ་ནག་གིས་པར་སྐྲུན་བྱེད་བཞིན་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚན་རིག་དུས་དེབ་ Wildlife Letters ཞེས་པ་ལས་ཕྱིར་འཐེན་བྱས་འདུག

སྐུ་ཞབས་ Mukesh Thakur ལགས་དང་ཁོང་གི་ལས་རོགས་ཚན་རིག་པ་གཉིས་བཅས་ཀྱིས་སྤྲེའུ་མེ་ཀ་ཞེས་པའི་རིགས་རྒྱུན་ཕྲ་རྫས་ལ་དཔྱད་ཞིབ་གནང་བའི་སྙན་ཐོ་དེ་འདི་ལོའི་ཕྱི་ཟླ་ ༢ ནང་ཚན་རིག་དུས་དེབ་ Wildlife Letters དྲ་ཐོག་ལ་འདོན་སྤེལ་གནང་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གི་ Northeast Forestry University ནས་ཚན་རིག་པ་ཚོའི་གྲུབ་དོན་སྙན་ཐོ་རྣམས་ Wildlife Letters ཞེས་པའི་དེབ་གཟུགས་པར་སྐྲུན་སྐབས་ཁོང་རྣམ་པའི་གྲུབ་དོན་སྙན་ཐོ་ནང་སྤྲེའུ་མེ་ཀ་ཞེས་པ་དེ་བོད་དང་ས་ཐག་ཉེ་བའི་རྒྱ་གར་བྱང་ཤར་ཁུལ་དུ་མཐོང་རྒྱུ་ཡོད་པའི་པར་རིས་དང་བཅས་པ་གསལ་བཀོད་གནང་བའི་ནང་རྒྱ་གར་བྱང་ཨ་རུ་ནཱ་ཅལ་མངའ་སྡེ་ཞེས་ཐ་སྙད་སྤྱོད་པ་ནི་ཉེ་ལམ་རྒྱ་ནག་གཞུང་གིས་ཡོངས་གྲགས་བྱས་པའི་རྒྱ་ནག་གི་ས་ཁྲར་ཨ་རུ་ནཱ་ཅལ་མངའ་སྡེ་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་ཆེད་བཀོད་བྱས་ཡོད་པར་བརྟེན་གྲུབ་དོན་སྙན་ཐོ་ནང་ཨ་རུ་ནཱ་ཅལ་མངའ་སྡེ་ཞེས་པའི་ཐ་སྙད་སྤྱོད་རྒྱུ་མེད་ཅེས་བཤད་པ་དང་འབྲེལ་ནས་སྙན་ཐོ་དེ་ཕྱིར་འཐེན་བྱས་ཡོད་པ་རེད།

རྒྱ་ནག་གི་བྱེད་བབ་དེ་དང་འབྲེལ་སྐུ་ཞབས་ Mukesh Thakur ལགས་ཀྱིས་རྒྱ་ནག་གི་པར་སྐྲུན་ཁང་གི་འབྲེལ་ཡོད་ཚོ་དང་ཡིག་ཐོག་ནས་འབྲེལ་བ་གནང་སྐབས་སྙན་ཐོའི་ནང་དོན་ཐོག་གླེང་སློང་གང་ཡང་མ་གནང་བ་དང་། ཨ་རུ་ནཱ་ཅལ་མངའ་སྡེ་ཞེས་པའི་ཐ་སྙད་དེ་ཕྱིར་འཐེན་བྱེད་དགོས་པར་བཤད་འདུག་པ་དེ་ནི་ངོས་ལེན་ཞུ་ཐབས་མེད་པའི་འགྲེལ་བརྗོད་དང་སྦྲགས། རྒྱ་ནག་གི་བྱེད་སྟངས་དེ་ནི་ཚན་རིག་པའི་ལས་དོན་ལ་འཇིགས་སྐུལ་དང་དྲག་པོའི་བྱ་བ་བརྩམས་པ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད་ཅེས་གསུངས་འདུག

རྒྱ་ནག་གིས་པར་སྐྲུན་ཞུ་བཞིན་པའི་ Wildlife Letters ཞེས་པའི་ཚན་རིག་དུས་དེབ་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ Marcel Holyoak ཡིས་གནད་དོན་དེ་ནི་རྒྱལ་ཁབ་ཀྱི་ས་བབ་སྲིད་བྱུས་དང་འབྲེལ་བ་ཡོད་སྟབས་རྒྱ་ནག་གཞུང་གི་ལངས་ཕྱོགས་དང་མཐུན་པ་ཞིག་དགོས་གལ་ཡིན་པར་མ་ཟད། པར་སྐྲུན་དང་འབྲེལ་བའི་རྒྱ་གཞུང་གི་རོགས་དངུལ་ཡང་དོ་ཕོག་འགྲོ་སྲིད་སྐོར་གསལ་བཤད་བྱས་འདུག་ཀྱང་། སྐུ་ཞབས་ Mukesh Thakur ལགས་ཀྱིས་རྒྱལ་ཁབ་ཅིག་གི་ལམ་ལུགས་དང་ལངས་ཕྱོགས་ལ་གཞིགས་ཏེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚན་རིག་པའི་གྲུབ་དོན་སྙན་ཐོ་འདོན་སྤེལ་གནང་བར་བཀག་སྡོམ་བྱས་པ་ནི་ཁྲིམས་སྒྲིག་གང་དང་མི་མཐུན་པའི་བྱེད་སྟངས་ཤིག་རེད་ཅེས་གསུངས་འདུག

སྐུ་ཞབས་ Mukesh Thakur ལགས་ནི་རྒྱ་གར་གྱི་དུད་འགྲོའི་ཚན་རིག་སྡེ་ཚན་གྱི་ནུ་གསོ་སེམས་ཅན་ཐོག་ཉམས་ཞིབ་དང་དཔྱད་ཞིབ་ཀྱི་འགན་འཛིན་ཡིན་པ་དང་། ཁོང་གིས་ད་བར་རྒྱལ་སྤྱིའི་ཐོག་དཔྱད་ཞིབ་ཀྱི་གྲུབ་དོན་སྙན་ཐོ་མི་འདྲ་བ་བརྒྱ་ལྷག་འདོན་སྤེལ་གནང་བ་མ་ཚད་པར་འདས་པའི་ལོ་དུས་ནང་ན་གཞོན་ཚན་རིག་པ་གྲགས་ཅན་སོགས་ཀྱི་ཆེས་མཐོའི་གཟེངས་རྟགས་བཞེས་མྱོང་ཡོད་པ་རེད།

རྩ་བའི་རྒྱ་གར་གྱི་ཚན་རིག་མཁས་པ་ Mukesh Thakur ལགས་དང་ Lalit Kumar Sharma ལགས། དེ་བཞིན་ Avijit Ghosh ལགས་བཅས་ཀྱིས་དཔྱད་ཞིབ་གནང་གྲུབ་དོན་ནང་གསལ་ White-Cheeked Macaque འམ་ཡོངས་གྲགས་སུ་སྤྲེའུ་མེ་ཀ་ཞེས་འབོད་བཞིན་པ་དེ་ནི་ ༢༠༡༥ ལོར་ཆེས་ཐོག་མ་བོད་པདྨ་བཀོད་ས་ཁུལ་དུ་ཚན་རིག་པར་རྙེད་སོན་བྱུང་བ་ཞིག་དང་། སྤྲེའུ་དེ་ནི་རྒྱལ་སྤྱིའི་ཐོག་སྤྲེའུ་རིགས་མང་དག་ཅིག་ཡོད་པ་ལས་རིགས་རྒྱུན་མི་འདྲ་བ་ཞིག་ཡིན་པར་ངོ་འཛིན་གནང་ཡོད།  རྒྱ་གར་གྱི་ཚན་རིག་མཁས་པ་ Mukesh Thakur ལགས་དང་ཕྱག་རོགས་ཚོས་གྲུབ་དོན་སྙན་ཐོ་ནང་ད་ཆ་སྤྲེའུ་མེ་ཀ་ཞེས་པ་དེ་བོད་ཀྱི་ས་ཁུལ་དང་རྒྱང་ཐག་ཉེ་བའི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེར་མཐོང་རྒྱུ་ཡོད་པར་མངོན་གསལ་གནང་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།