དེ་རིང་སྔ་དྲོ་བཞུགས་སྒར་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༠༨ ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་འཐབ་རྩོད་ནང་དངོས་སུ་མཉམ་ཞུགས་གནང་མྱོང་མཁན་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་གནང་བའི་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་།ཚེ་སྲོག་གཏའ་མར་བཞག་པའི་བདེན་པའི་ང་རོ་ཞེས་པའི་དཔེ་དེབ་དེ་ཉིད་དབུ་འབྱེད་གནང་སོང་བ་དང་འབྲེལ། དཔེ་དེབ་རྩོམ་པ་པོས་དཔེ་དེབ་དེ་ནི་བོད་པའི་མི་རབས་གསར་པ་རྣམས་ཀྱིས་ཤེས་རྟོགས་ཆེད་དང་། བོད་ནང་གི་ཡ་ང་བའི་གནས་སྟངས་དེ་ཉིད་རྒྱལ་སྤྱིའི་ཐོག་སྙན་སེང་བརྒྱུད་བོད་ནང་གི་དཀའ་ངལ་རྣམས་སེལ་ཐུབ་རྒྱུའི་རེ་བ་འཆང་བཞིན་ཡོད་པ་གསུངས་སོང་།
དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་བཞུགས་གར་དུ་རྟེན་གཞི་བྱས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང་དུ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ལོ་ ༢༠༠༨ ལོའི་ས་བྱིའི་ཞི་རྒོལ་ཆེན་མོའི་འཐབ་རྩོད་ནང་དངོས་སུ་མཉམ་ཞུགས་གནང་མྱོང་མཁན་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་གནང་བའི་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་།ཚེ་སྲོག་གཏའ་མར་བཞག་པའི་བདེན་པའི་ང་རོ་ཞེས་པའི་དཔེ་དེབ་དེ་ཉིད་དབུ་འབྱེད་གནང་སོང་བ་དང་། དཔེ་དབེ་དབུ་འབྱེད་སྐབས་ དེབ་འདིའི་རྩོམ་པ་པོ་དང་། དེ་སྔོན་ཁོང་དང་ལྷན་དུ་ས་བྱིའི་ཞི་རྒོལ་ཆེན་མོའི་འཐབ་རྩོད་ནང་དངོས་སུ་མཉམ་ཞུགས་གནང་མྱོང་མཁན་འཇམ་དབྱངས་སྦྱིན་པ་ལགས་དང་། འཇིགས་མེད་རྒྱ་མཚོ་ལགས་དྲྭ་ཐོག་ནས་མཉམ་ཞུགས་གནང་ནས་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་དཔེ་དེབ་དེ་གའི་ནང་དོན་ངོ་སྤྲོད་དང་། གཞན་གཉིས་ནས་སྐབས་དེའི་དུས་ཀྱི་རང་གི་མྱོང་ཚོར་འགྲེལ་བརྗོད་གནང་སོང་།
དེ་བཞིན་དཔེ་དབེ་དབུ་འབྱེད་སྐབས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། ས་བྱིའི་ཞི་རྒོལ་ཆེན་མོའི་གྱེན་ལངས་དེ་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་ཕྱོགས་བསྒྲིགས་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་ཡིན་སྟབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་ཀྱང་བོད་ནང་གི་ཞི་རྒོལ་གྱེན་ལངས་དང་འབྲེལ་བའི་གནས་ཚུལ་མཁོ་སྒྲུབ་དང་ཕྱོགས་བསྒྲིགས་བྱ་རྒྱུ་དེ་གལ་ཆེར་ངོས་འཛིན་གནང་སྟེ་དེབ་འདི་དཔར་སྐྲུན་གནང་བ་ཞིག་ཡིན་པ་དང་། དེབ་འདི་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སྤྱི་དང་། ལྷག་པར་དུ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དུ་བྱུང་བའི་ཞི་རྒོལ་འཐབ་རྩོད་ལ་ཞིབ་འཇུག་བྱེད་པའི་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཆགས་ཡོད་སྟབས། བོད་མི་ཚང་མས་འདི་དང་འདི་ལྟ་བུའི་དཔེ་དེབ་ཀྱི་རིགས་ལ་ངེས་པར་དུ་བལྟ་ཀློག་བྱེད་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་གསུངས་སོང་།
འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་གནང་བའི་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་མྱོང་བྱང་།ཚེ་སྲོག་གཏའ་མར་བཞག་པའི་བདེན་པའི་ང་རོ་ཞེས་པའི་དཔེ་དེབ་དེའི་ནང་གཙོ་བོ་ཕྱི་ལོ་ ༢༠༠༨ ལོར་མདོ་སྨད་བླ་བྲང་བཀྲིས་འཁྱིལ་དུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱི་སྣེ་ཁྲིད་བྱས་པའི་རྒྱུད་རིམ་དང་རྒྱབ་ལྗོངས། རྒྱ་དམག་གིས་དགོན་པར་སྔོག་བཤེར་དང་། གྲྭ་མང་འཛིན་བཟུང་བྱས་པའི་གནས་ཚུལ་དེ་དག་སྐབས་དེའི་དངོས་ཡོད་ཀྱི་གནས་ཚུལ་གཞི་རྩར་བཟུང་ནས་འགོད་གནང་ཡོད་པ་མ་ཟད། དེ་བཞིན་རང་ལུས་མེར་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་མང་པོ་ཞིག་གི་མཚན་གཞུང་དང་ས་གནས། དུས་ཚོད་སོགས་གསལ་པོར་འགོད་གནང་ཡོད་པ་རེད་འདུག
རྩ་བའི་ཕྱི་ལོ་ ༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཀྱི་ཀྱོག་འཚམས་ཤིག་ཡིན་པ་དང་། དེ་ནི་རྒྱ་ནག་གཞུང་གིས་བཤད་པ་ལྟར་དར་དམར་འོག་འཚར་ལོངས་བྱུང་བའི་བོད་ཀྱི་མི་རབས་གསར་པས་སྣེ་ཁྲིད་བྱས་པ་ཞིག་ཆགས་ཡོད་ཅིང་། ངོ་རྒོལ་གྱི་གྱེན་ལངས་དེ་ནི་ ༡༩༥༩ གྱེན་ལངས་ཆེན་མོའི་རྗེས་ཀྱི་གཞི་ཁྱོན་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཤིག་ཀྱང་ཆགས་ཡོད་པ་རེད།
དཔེ་དེབ་དབུ་འབྱེད་གྲུབ་མཚམས་འདི་གའི་གསར་འགོད་པས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་བོད་གནས་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་སུ་བཅར་འདྲི་ཞུས་ཡོད།




