རྒྱ་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་གནས་ཚུལ་ཐེར་འདོན་བྱེད་མཁན་བོད་མི་དང་ཡུ་གུར་བ། ཧོང་ཀོང་བ། ཐའེ་ཝན་པ་སོགས་ཀྱི་ལས་འགུལ་བ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་ཨ་རི་དང་འཛམ་གླིང་ཡུལ་གྲུ་ཁག་གི་ཚོགས་པ་སྒྲིག་འཛུགས་བཅས་ལ་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་། འབྲེལ་ཡོད་ལ་མིང་རྗེས་བཟོས་བཞིན་པའི་ཤུགས་རྐྱེན་ཐེར་འདོན་གནང་བའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག

དེ་ཡང་ Congressional-Executive Commission on China འམ་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ལས་དོན་ཚོགས་ཆུང་ནས་ཟླ་བ་འདིའི་ཚེས་ ༤ ཉིན་ PRC’s Transnational Repression and Malign Influence in 2025 རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་མིང་རྗེས་ངན་པའི་ཤུགས་རྐྱེན་ཞེས་པའི་བརྗོད་གཞི་ཐོག་ཤོག་གྲངས་ ༢༧ ཅན་གྱི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གི་ལངས་ཕྱོགས་དང་མི་མཐུན་ཞིང་། སྐྱོན་བརྗོད་བྱེད་མཁན་རྣམས་བཅར་རྡུང་མཚོན་པའི་ལུས་ཀྱི་འཚེ་བ་དང་། མིས་བཟོས་རིག་ནུས་བརྒྱུད་ནས་ཆགས་སྤྱོད་ཀྱི་བསུན་གཙེར་བཟོ་བཞིན་པ། བཙན་ཤེད་ཀྱི་རྒྱ་ནག་ནང་ཕྱིར་ལོག་བྱེད་བཅུག་པ། འབྲེལ་ཡོད་བརྒྱུད་ནས་བཙན་ཤེད། དྲག་པོའི་ལྟ་སྲུང་། ཁྲིམས་ཐོག་ནས་ཁ་གཏད་གཅོག་ཐབས་ཀྱི་ངན་བྱུས། ཆབ་སྲིད་ནང་ཐེ་བྱུས། རྒྱལ་སྤྱིའི་ཚོགས་སྡེ་ཁག་གཏོར་བཤིག་གཏོང་ཐབས་བཅས་ཀྱི་ནང་གསེས་དོན་ཚན་ ༨ འཁོད་པའི་སྙན་ཐོ་ཞིག་འདོན་སྤེལ་གནང་འདུག

སྙན་ཐོ་དེའི་ཁྱོན་ཡོངས་ཀྱི་འབྲུ་དོན་གཙོ་བོ་ནི། རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་མིང་རྗེས་ངན་པ་བཟོ་བའི་ཤུགས་རྐྱེན་དེའི་བརྒྱུད་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་ལ་ཛ་དྲག་གི་ཉེན་འཚབ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅིང་། ཨ་རི་དང་རྒྱལ་ཁབ་གཞན་གྱི་ནང་དུ་ཁྲིམས་མཐུན་གྱི་ཐོག་ནས་གནས་སྡོད་བྱེད་མཁན་རྣམས་ལ་འཇིག་སྐུལ་དང་ལྟ་སྲུང་བྱེད་བཞིན་པ། དེ་བཞིན་དམིགས་འབེན་བྱ་ཡུལ་བོད་མི་དང་ཧོང་ཀོང་བ། ཡུ་གུར་བ། རྒྱ་ནག་གཞུང་འབྲེལ་མི་སྣ་ཟུར་པ་སོགས་ལ་ལུས་ཀྱི་འཚེ་བ་དང་། དྲ་ཐོག་ནས་ཆགས་སྤྱོད་ཀྱི་བསུན་གཙེར། རྒྱ་ནག་ནང་ཡོད་པའི་འབྲེལ་ཡོད་ནང་མི་ལ་འཇིག་སྐུལ་ཀྱིས་ཕྱིར་ལོག་བྱ་རྒྱུའི་ཤུགས་རྐྱེན། ལྟ་སྲུང་། ཁྲིམས་ཐོག་ནས་གདོང་ལེན་བྱེད་པའི་ངན་བྱུས་བྱེད་ཀྱི་ཡོད་པ། དེ་དག་བྱེད་དགོས་པའི་དམིགས་ཡུལ་ནི་རྒྱ་ནག་ཕྱི་ལ་ཡོད་པ་རྣམས་ཀྱི་སྐྱོན་བརྗོད་འགོག་ཐབས་དང་གནོད་འཚེ་ཕོག་མཁན་རྣམས་ཟུར་དུ་ཁྱེར་རྐྱང་འཇོག་ཐབས། མང་ཚོགས་ཁྲོད་རྒྱ་གཞུང་གི་འགྲེལ་བརྗོད་བཟོ་ཐབས་སོགས་བྱེད་བཞིན་ཡོད་པ། ལྷག་པར་མིང་རྗེས་བཟོ་ཐབས་ཀྱི་ངན་བྱུས་དེའི་ཁྲོད་གསང་བ་དང་བཙན་ཤེད་ཀྱི་ལམ་ནས་མང་ཚོགས་ཀྱི་བགྲོ་གླེང་ལ་འཁྱོག་བརྗོད་དང་། ཨ་རིའི་དང་མཐུན་ཕྱོགས་མང་གཙོའི་རྒྱལ་ཁབ་ཁག་གི་མཐོ་རིམ་ཐག་གཅོད་ལ་ཤུགས་རྐྱེན་སྤྲོད་ཐབས། མང་གཙོའི་སྲིད་གཞུང་ལ་ཁྱད་གསོད་བྱེད་བཞིན་ཡོད་སྟབས། བྱ་སྤྱོད་དེ་དག་གིས་རྒྱལ་སྤྱིའི་སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཀྱི་སྤྱི་ཆིངས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་བཅས་ཀྱི་ནང་སྲུང་སྐྱོབ་བྱེད་པའི་ཐོབ་ཐང་ཁག་ལ་རྡོག་རོལ་གཏོང་གི་ཡོད་པ་དང་ཕྱོགས་མཚུངས། ད་དུང་རྒྱ་ནག་ལ་རོགས་འདེགས་བྱེད་མཁན་རྒྱལ་ཁབ་དང་། བཟོད་བསྲན་བྱེད་མཁན་ཡང་ན་ཁ་གཏད་གཅོག་རྒྱུར་ལམ་ལྷོངས་མ་བྱུང་ཚེ་རྒྱལ་སྤྱིའི་ཁྲིམས་སྒྲིག་ལ་ད་དུང་རྡོག་རོལ་འགྲོ་ཉེན་ཡོད་པ་མངོན་གསལ་གནང་འདུག

གཞན་ཡང་སྙན་ཐོ་དེའི་ནང་མིས་བཟོས་རིག་ནུས་བརྒྱུད་ནས་ཨིན་ཡུལ་ནང་དུ་རྟེན་གཞིས་བྱས་པའི་ཧོང་ཀོང་རང་དབང་འཐབ་རྩོད་པ་ Carmen Lau Ka-man ཀཱར་མེན་ལའོ་ཀཱ་མཱན་ལགས་ཀྱི་པར་རི་རྫུན་བཟོ་བྱས་པ་ཞིག་ Macau མཱ་ཀའོ་ནས་ཁོང་གི་སྡོད་གནས་ཉེ་འཁོར་ཁྱིམ་མཚེས་རྣམས་ལ་འགྲེམས་སྤེལ་བྱས་ཏེ། ཁོང་སྨན་འཚོང་མ་ཡིན་ལུགས་ཀྱི་འཁྱོག་བརྗོད་བྱས་ཡོད་སྟབས། ཁོང་གིས་དེ་ལྟ་བུའི་བྱ་སྤྱོད་དེ་བོད་མི་དང་ཡུ་གུར་སྤྱི་ཚོགས་ཀྱི་བུད་མེད་རྣམས་ལ་བྱུང་ཡོད་སྐོར་གསུངས་བ་ལུང་འདྲེན་གནང་འདུག
ལྷག་པར་ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་ནང་ཐའེ་ལེཎྜ་གྱི་རྒྱལ་ས་སྦེང་ཀོག་ནང་དུ་ཡུལ་དེ་གའི་སྒྱུ་རྩལ་འགྲེམས་སྟོན་ཁང་གྲགས་ཅན་ Bangkok Arts and Cultural Centre ཞེས་པ་དེས་བོད་མི་དང་། ཧོང་ཀོང་། དེ་བཞིན་ཡུ་གུར་སྒྱུ་རྩལ་བ་ཁག་གཅིག་གི་འགྲེམས་སྟོན་ཕྱིར་བསྡུ་བྱས་ཡོད་པའི་གནས་ཚུལ་གསལ་བཀོད་གནང་འདུག་པ་མ་ཟད། འགྲེམས་སྟོན་ཁང་ལ་ཡུལ་དེའི་རྒྱ་ནག་གཞུང་ཚབ་པས་ཤུགས་རྐྱེན་འོག་ཡུལ་དེ་གའི་ཕྱི་སྲིད་ལས་ཁུངས་དང་སྦེང་ཀོག་གྲོང་ཁྱེར་སྤྱི་ཁྱབ་ལས་ཁུངས་ཀྱིས་གནོན་ཤུགས་སྤྲད་ཡོད་སོགས་གསལ་སྟོན་གནང་འདུག
མ་ཟད་བོད་དང་ཤར་ཏུར་ཀིས་ཐན། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཁས་ལེན་བྱེད་ཀྱི་མེད་པ་མ་ཟད། རྒྱལ་ཚོགས་ཀྱི་ལས་ཁུངས་ས་ཚིགས་སུ་རྒྱ་གཞུང་དང་འབྲེལ་བའི་མི་སྣ་ཁག་གིས་བོད་མི་དང་ཡུ་གུར་ལས་འགུལ་བར་གདོང་ཐུག་དང་པར་རྒྱབ་པ། ལྟ་སྲུང་བྱེད་པ་སོགས་ཀྱི་གནས་ཚུལ་བཀོད་འདུག ལྷག་པར་ཕྱི་ཕྱོགས་གནས་སྡོད་ལས་འགུལ་བའི་ནང་མི་རྣམས་ལ་འབྲེལ་ཡོད་ལས་འགུལ་བ་རྣམས་རྒྱལ་ཚོགས་ཀྱི་ཚོགས་འདུ་དང་ལས་རིམ་ཁག་གི་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་གནོན་ཤུགས་སྤྲད་ཡོད་པ་སོགས་ཐེར་འདོན་གནང་འདུག
གཞི་རྩའི་རྒྱ་གཞུང་གི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་དང་མིང་རྗེས་ངན་པའི་ཤུགས་རྐྱེན་ལ་གདོང་ལེན་བྱ་ཐབས་སུ་ཨ་རིས་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་གྲོས་ཚོགས་ངོས་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་སྲིད་བྱུས་ཁྱི་ཁྲིམས་གཏན་འབེབས་ཀྱིས་རྒྱལ་འབྲེལ་ཐབས་བྱུས་བརྒྱུད་ལག་བསྟར་དགོས་ངེས་ཡིན་པ་མ་ཟད། གཞུང་འཛིན་ངོས་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཁྲིམས་ཁང་། དེ་བཞིན་གཞུང་འབྲེལ་ལྟེ་གནས་ཁང་གི་ཞིབ་འཇུག་སྙན་ཐོ་འདོན་སྤེལ་དགོས་ངེས་ཡིན་ཞིང་། རྒྱ་ནག་འཐབ་ཕྱོགས་གཅིག་སྒྱུར་གྱི་འབྲེལ་ཡོད་སྡེ་ཁག་རྣམས་འཕྲལ་མར་སྒོ་རྒྱག་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག




