དེ་རིང་ཉིན་རྒྱབ་བཞུགས་སྒར་རྡ་སའི་ལྷ་རྒྱལ་རིའི་ཉེ་འཁྲིས་སུ་ཆགས་པའི་༸གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་དང་། ཨེ་མོ་རིའི་བྱམས་བརྩེའི་བསྟི་གནས་ཁང་ཐུན་མོང་གི་གོ་སྒྲིག་འོག་༸གོང་ས་༸རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་ཆ་ཤས་སུ་༸གོང་ས་མཆོག་གི་དགོངས་པ་ཚན་རིག་དང་བཟང་སྤྱོད། སྙིང་རྗེ་བཅས་ཀྱི་ལམ་ནས་གོང་མཐོར་གཏོང་བའི་ཚོགས་འདུ་དབུ་འཛུགས་གནང་སོང་།

དེ་རིང་བགྲོ་གླེང་གི་ཉིན་དང་པོའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་དང་སྐུ་མགྲོན་རྣམ་པ་དང་ཚན་རིག་པ། དེ་བཞུན་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་བྱམས་བརྩེའི་བསྟི་གནས་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་ནེ་གི་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་དང་སཱི་ཤེས་ཡོན་སློབ་གསོ་ཕྱག་བསྟར་གནང་སའི་རྒྱལ་སྤྱིའི་ཡུལ་གྲུ་འདྲ་མིན་གྱི་ཆེད་ལས་པ་དང་དགེ་རྒན། སློབ་ཕྲུག གཞན་ཡང་ནང་པའི་དགོན་སྡེ་ཁག་གི་སྐུ་ཚབ་སོགས་ནས་ལྷན་ཞུགས་གནང་ཡོད།
སྐབས་དེར་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས། ད་ལྟའི་དུས་སྐབས་འདིར་སྐྱེས་འགྲོ་སྤྱིའི་བདེ་དོན་ཡར་རྒྱས་འགྲོ་མིན་གྱི་རྩ་བ་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཚུལ་བཞིན་ལག་བསྟར་བྱེད་ཐུབ་མིན་ཁོ་ནར་རག་ལས་ཡོད་པ་དང་ལྷག་པར་དུ་དེ་རིང་མགོན་པོ་༸གང་ཉིད་མཆོག་གི་འཁྲུངས་སྐར་སྲུང་བརྩིའི་ཆ་ཤས་སུ་གོ་སྒྲིག་ཞུས་པའི་རྗེས་དྲན་ཚོགས་འདུ་འདི་བརྒྱུད་༸གང་ཉིད་མཆོག་གི་རླབས་ཆེན་མཛད་རྗེས་དང་དགོངས་པ་རྣམས་སློབ་གཉེར་དང་གྲོས་བསྡུར་བྱེད་པ་ནི་སྐྱེས་བུ་གཅིག་ལ་རྗེས་དྲན་གྱིས་གུང་བརྩི་ཞུ་བ་ཙམ་མ་ཡིན་པར་སྤྱི་ཚོགས་ཀྱི་བདེ་དོན་ལ་འགན་འཁུར་མཉམ་སྤྱོད་བྱེད་པའི་རྣམ་པ་ཞིག་ཡིན་པར་གསུངས་ཏེ་རྗེས་དྲན་ཚོགས་འདུ་འདི་ལྟ་བུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་ནན་བརྗོད་གནང་སོང་།
ཨེ་མོ་རི་བྱམས་བརྩེ་བསྟི་གནང་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་ནེ་གི་ལགས་ཀྱིས་དེ་རིང་གི་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་དང་འབྲེལ་ཉིན་གསུམ་གྱི་ཚོགས་འདུ་དེའི་སྟེང་གཏམ་བཤད་པ་རྣམས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྗགས་རྩོམ་མཛད་པའི་ཕྱག་དེབ་གསུམ་གཞི་ལ་བཞག་པའི་ཐོག་ནས་ནང་དོན་གལ་ཆེན་ཁག་དཔེར་ན་བཟང་སྤྱོད་དང་སེམས་མྱོང་། བྱམས་བརྩེ་དང་ཤེས་པ་བཅས་ཀྱི་སྐོར་གོ་སྡུར་སྦྱང་བཤད་ཀྱིས་ཚན་རིག་དང་ནང་ཆོས་ཟུང་དུ་བྲེལ་བའི་ཐོག་ནས་ཤེས་བྱ་ཡོན་ཏན་གོང་འཕེལ་གནང་རྒྱུ་ཡིན་པ་གསུངས་སོང་།




