༸གོང་ས་མཆོག་གིས་ལྷ་སའི་ཁ་ཆེ་རྣམས་བོད་མི་དང་བློ་ཐག་ཉེ་པོ་ཡོད་ཅེས་བཀའ་སྩལ་བ།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ལ་དྭགས་གླེ་ཞི་བ་ཚལ་གྱི་ཕོ་བྲང་དགེ་འཕེལ་གླིང་དུ་ལྷ་སའི་ཁ་ཆེ་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་འདུག

སྤྱིར་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་སྔ་དྲོ་དགེ་འཕེལ་གླིང་ཕོ་བྲང་དུ་ལྷ་སའི་ཁ་ཆེ་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་ལྟར། དེ་སྔ་བོད་དང་ལྷ་སའི་ཁ་ཆེ་བ་གཉིས་ཀྱི་དབར་འདས་པའི་བྱུང་བ་ཁག་དྲན་གསོ་མཛད་དེ་བོད་གཞུང་གི་གཞུང་འབྲེལ་མཛད་སྒོ་ཚང་མའི་ཐོག་ལྷ་སའི་ཁ་ཆེའི་ཆོས་ལུགས་ཀྱི་སྐུ་ཚབ་རྣམས་མགྲོན་འབོད་གནང་གི་ཡོད་པ་དང་ལྷག་དོན་ལྷ་སའི་ཁ་ཆེ་ཚོང་པ་རྣམས་ཀྱི་བརྒྱུད་ནས་ རྒྱ་གར་གྱི་གནས་ཚུལ་དང་བདག་ཉིད་ཆེན་པོ་གྷན་དྷི་མཆོག་གི་གནས་ཚུལ་སོགས་ཤེས་རྟོགས་ཐུབ་པ་ཡོད་པ་སོགས་བཀའ་སྩལ་ཏེ་ལྷ་སའི་ཁ་ཆེ་རྣམས་བོད་མི་དང་བློ་ཐག་ཉེ་པོ་ཡོད་ཅེས་འཚམས་འདྲི་མཛད་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གི་ཐུགས་བསྐྱེད་ཆེན་པོ་བཞི་ལས་གཅིག་ནི་ཆོས་ལུགས་མཐུན་འབྲེལ་ཡིན་པར་བཀའ་སྩལ་བ་དང་སྦྲགས། ཆོས་ལུགས་ནང་ཁུལ་ལྟ་གྲུབ་ཀྱི་ཆ་ནས་མི་འདྲ་བ་ཡོད་ཀྱང་ཚང་མས་བྱམས་སྙིང་རྗེའི་སྐོར་གསུང་བཞིན་ཡོད་ཀྱང་སྐབས་རེ་ཆོས་ལུགས་དང་འབྲེལ་བའི་ཐོག་ནས་ཁ་ཆེའི་ Shia དང་ Sunni གཉིས་དབར་རྩོད་རྙོག་འབྱུང་བཞིན་ཡོད་སྟབས་འཛམ་གླིང་འདིར་དོན་དམ་གྱི་ཞི་བདེ་བསྐྲུན་པར་ཆོས་པ་ཚོས་གདུང་ཤུགས་གཅིག་སྒྲིལ་གྱིས་ཆོས་ལུགས་ཚང་མར་གུས་བརྩི་གནང་དགོས་ཞེས་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་བ་དང་ཆབས་ཅིག ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་མ་གཏོགས་རང་བཙན་རྩོད་ཀྱི་མེད་པར་བསྐྱར་ནན་མཛད་འདུག

ལྷག་པར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ལ་ཡོད་པའི་ནང་པ་སངས་རྒྱས་པའི་ཆོས་དེ་ཉིད་དཔལ་ནཱ་ལེནྡཱའི་མཁས་པ་ཚོས་གཏན་ལ་ཕབ་པ་ཞིག་དང་ནང་པའི་ལྟ་གྲུབ་སྐོར་དེ་དག་ཆོས་ལུགས་གཞན་དང་མི་འདྲ་བ་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ཧ་ཅང་གི་གཏིང་ཟབ་ཡོད་སྟབས། ནུབ་ཕྱོགས་པའི་ཚན་རིག་པ་ཚོས་དེར་དམིགས་བསལ་ཐུགས་སྣང་གནང་གི་ཡོད་སྐོར་བཀའ་སྩལ་འབྲེལ་ཏེ། བོད་མི་དང་ལྷ་སའི་ཁ་ཆེ་བ་ཚོས་བོད་གངས་ཅན་ལྗོངས་ཀྱི་རིག་གཞུང་གཏིང་ཟབ་ཡོད་པ་དེ་དག་གི་རིན་ཐང་རྒྱུ་མཚན་དུ་མཐོང་ནས་གཅེས་འཛིན་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་འདུག

མགོན་པོ་༸གང་ཉིད་མཆོ་གིས་ལྷ་སའི་ཁ་ཆེ་བ་རྣམས་བོད་མི་དང་གཅིག་མཚུངས་ཆགས་ཡོད་པ་བཞིན་མི་རིགས་ཀྱི་ལར་ཞེན་གཉིས་རང་ཉིད་ཀྱི་ཡིད་ལ་བཅངས་ཏེ་ཧུར་ཐག་གནང་དགོས་ཞེས་གཞེན་སྐུལ་ཡོད།

འབྲེལ་ཡོད་གསར་གནས།

Sunday 08/11/2026

Saturday 07/11/2026

Friday 06/11/2026

གསར་གནས།