Tibetan Royal Year of 2151 | Year of the Wood Dragon

འཐབ་རྩོད་བྱེད་མཁན་མི་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ཤེས་དགོས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

ཉེ་ཆར་ཕྱི་ཚེས་ ༣༠ དང་ ༣༡ བཅས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཝཱ་རཱ་ཎ་སཱི་ཁུལ་དུ་གཞུང་འབྲེལ་འཚམས་གཟིགས་ཆེས་ཐོག་མ་གནང་ཡོད་པ་དང་། སྐབས་དེར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་དགེ་ལས་སློབ་མ་རྣམས་ལ་གསུང་བཤད་གནང་བར་བོད་མི་གཞོན་སྐྱེས་རྣམས་འཐབ་རྩོད་བྱེད་མཁན་མི་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་དངོས་བྱུང་ལོ་རྒྱུས་ཤེས་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བརྗོད་གནང་དགོས་གལ་ཡིན་པ་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཟླ་ ༧ ཚེས་ ༣༠ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ཨ་ཏི་ཤ་ཚོགས་ཁང་དུ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་རྣམས་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གནང་ཕྱོགས་དང་དམིགས་ཡུལ། དེ་བཞིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་ལས་དོན་གནང་བཞིན་ཡོད་པ་སོགས་འགྲེལ་བརྗོད་དང་། ལྷག་པར་དུ་སྲིད་སྐྱོང་མཆོག་ས་གནས་གང་དུ་ཕེབས་ཀྱང་ཁུལ་དེ་དག་གི་གཞུང་འབྲེལ་གནད་ཡོད་མི་སྣ་རྣམས་ལ་བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པར་ནན་བརྗོད་གནང་གི་ཡོད་པ་དང་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཏེ་འཛམ་གླིང་གི་མི་མང་མགོ་སྐོར་གཏོང་བཞིན་ཡོད་སྟབས། བོད་མི་གཞོན་སྐྱེས་རྣམས་འཐབ་རྩོད་བྱེད་མཁན་མི་རིགས་ཤིག་ཡིན་པའི་ཆ་ནས་བོད་ཀྱི་དངོས་བྱུང་ལོ་རྒྱུས་ཤེས་པའི་ཐོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བརྗོད་གནང་དགོས་གལ་ཡིན་པ་གསུངས་འདུག

སྲིད་སྐྱོང་མཆོག་རྒྱ་གར་གྱི་སྤྱི་ཚོགས་ནང་དུ་ཕེབས་སྐབས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་ཐད་བཀའ་མོལ་གནང་གི་ཡོད་སྐོར་དང་བོད་མི་ཚོའི་ངོས་ནས་དེ་ལྟར་གནང་དགོས་གལ་ཡིན་པར་གསུངས་ཏེ། དེའི་བརྒྱུད་ནས་བོད་དོན་རྒྱབ་སྐྱོར་ཡོང་རྒྱུ་ཡིན་པ་དང་འབྲེལ། བོད་འདི་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་ཞེས་འགྲེལ་བརྗོད་གནང་དགོས་པའི་རྒྱུ་མཚན་ནི། རྒྱ་ནག་མི་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བོད་ཀྱི་ལོ་རྒྱུལ་ལ་འཁྱོག་བརྗོད་ཀྱི་གནད་དོན་ལ་གདོང་ལེན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལའང་རྒྱ་ནག་གི་འཁྱོག་བཤད་ལྟར་ཁས་ལེན་བྱས་ཚེས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་གྱི་ཡོད་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་ལའང་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་པར་མ་ཟད། ཇི་སྲིད་རྒྱལ་སྤྱིའི་མི་མང་ནས་བོད་འདི་རྒྱ་ནག་གི་མངའ་ཁོངས་ཡིན་ཚུལ་བཤད་པ་དེ་སྲིད་དུ་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་མེད་ཅེས་གསུངས་འདུག

དེ་བཞིན་བོད་རིགས་གཞོན་སྐྱེས་རྣམས་ནས་རང་མི་རིགས་ཀྱི་འགན་ཁུར་ཐོག་ནས་བོད་དོན་ཞུ་གཏུག་གནང་རྒྱུ་གལ་ཆེན་པོ་ཡིན་སྟབས། བཀའ་ཤག་སྐབས་བཅུ་དྲུག་པས་ངོས་ནས་བོད་དོན་ཞུ་གཏུག་ལས་འགུལ་ཞེས་པ་ཞིག་དབུ་འཛུགས་གནང་བ་མ་ཟད། ཉེ་ལམ་བཞུགས་སྒར་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་བསྐོང་ཚོགས་ཀྱིས་བོད་དོན་ཞུ་གཏུག་ཐབས་བྱུས་དང་འབྲེལ་བའི་ལས་དོན་འཆར་འགོད་དང་བགྲོ་གླེང་གནང་ཡོད་པ་སོགས་ངོ་སྤྲོད་གནང་འདུག

རྩ་བའི་སྲིད་སྐྱོང་སྤེལ་པ་ཚེ་རིང་མཆོག་ཝཱ་རཱ་ཎ་སཱིར་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་འདི་ནི་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་སུ་ཁུལ་དེར་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད། ཝཱ་ཎ་གཙུག་ལག་སློབ་ཁང་དུ་མཛད་རིམ་ཁག་ལེགས་པར་གྲུབ་རྗེས་གནས་མཆོག་སཱར་ནཱཐའི་མཆོད་རྟེན་རིན་པོ་ཆེ་དང་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ལ་འཚམས་གཟིགས་གནང་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། སྲིད་སྐྱོ་མཆོག་ཝཱ་རཱ་ཎ་སཱི་ཁུལ་གྱི་མཛད་རིམ་ཁག་གྲུབ་ནས་ཁ་སང་ཕྱི་དྲོ་ལྡི་ལི་ཕྱོགས་སུ་ཕེབས་ཐོན་གྱིས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་འཚེ་བ་མེད་པའི་ཐེབས་རྩ་ཁང་གིས་གོ་སྒྲིག་ཞུས་པའི་རྒྱ་ནག་གཅིག་གི་སྲིད་བྱུས་དང་འབྲེལ་བའི་ཚོགས་འདུ་ཐོག་གསུང་བཤད་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།