Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་གླེ་ཇོ་ཁང་དུ་གནས་གཟིགས་དང་འཛམ་གླིང་ཞི་བདེར་སྨན་པའི་ཐུགས་སྨོན་མཛད་པ།

Tibetan News Headlines

  • Dalai Lama urges devotees to practice warmheartedness and embrace concept of emptiness
  • Sikyong engages with parliamentarians from Austria and Italy, urging them to advocate for Tibet
  • PRC continued to restrict and seek to control religious practices of Tibetans: CECC
  • China: Overseas students face harassment and surveillance in campaign of transnational repression
  • CTA urges caution as Tibetans seek voting rights amidst Indian election
  • Hunsur Rabgayling gears up for the 29th GCM football tournament

རེས་གཟའ་ཟླ་བ། ༢༠༢༤།༠༥།༡༣

  • བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་པའི་ཐོག་ནས་མ་ཎི་གསོག་སྒྲུབ་གནང་དགོས།
  • ཨོ་སི་ཊྲི་ཡ་དང་ཨི་ཊ་ལི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད།
  • རྒྱ་གཞུང་གིས་བོད་མིའི་ཆོས་དད་ལ་མུ་མཐུད་དམ་དྲག་སྟངས་འཛིན་ཤུགས་ཆེ་བྱས་པ་མངོན་གསལ།
  • རྒྱ་གཞུང་གིས་རྒྱལ་མཚམས་བརྒལ་ནས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་སློབ་མ་ཚོར་བརྙས་བཅོས་དང་དོགས་སྲུང་བྱེད་བཞིན་པ་ར་སྤྲོད།
  • རྒྱ་གར་ཆབ་སྲིད་ནང་ཞུགས་ཏེ་བོད་མི་སྤྱི་ཡོངས་ལ་དགེ་ཚན་ཅི་ཞིག་ཡོད་མིན་ཐོག་འགན་བཞེས་དགོས་པ།
  • རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༩ པ་གནངས་ཉིན་ནས་དབུ་འཛུགས།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༧ ཚེས་ ༡༡ ཉིན་ལ་དྭགས་གླེར་༸ཞབས་སོར་བདེ་བར་འཁོད་རྗེས་དེ་རིང་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་ལ་དྭགས་ཁུལ་གྱི་ཆིབས་བསྒྱུར་གྱི་མཛད་འཆར་ཐོག་མ་སྟེ། ལ་དྭགས་གླེ་ཇོ་ཁང་དུ་ཆིབས་བསྒྱུར་བསྐྱངས་པ་དང་སྦྲགས་རྟེན་གཙོ་ཇོ་བོའི་སྐུ་བརྙན་མདུན་དུ་འཛམ་གླིང་ཐོག་བདེ་སྐྱིད་དང་ཞི་བདེ་ངང་མཉམ་གནས་ཐུབ་པར་ཐུགས་སྨོན་མཛད་སོང་།

དེ་རིང་སྔ་དྲོ་ཕྱག་ཚོད་ ༨༌༣༠ ཐོག་༸གོང་ས་མཆོག་དང་སྐུ་འཁོར་ལྷན་རྒྱས་གླེ་ཇོ་ཁང་དུ་ཆིབས་བསྒྱུར་གྱིས་༸ཞབས་སོར་ འཁོད་གྲུབ་པ་དང་འབྲེལ་ཆིབས་བསྒྱུར་གོ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་ནས་མནྜལ་རྟེན་གསུམ་འདེགས་འབུལ་དང་། རྟེན་འབྲེལ་གྲོ་མ་འབྲས་སིལ་འབུལ་བཞེས་བསྐྱངས་པ་དང་། དེ་འབྲེལ་རྒྱུན་ཆག་གསུམ་པ་སོགས་གསུང་འདོན་གནང་གྲུབ་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བའི་ཁྲོད། དེ་རིང་ང་ཚོ་ལ་དྭགས་ཀྱི་བསྟན་མཆོག་ཐུབ་པའི་དབང་པོའི་སྐུ་མདུན་དུ་འཛོམས་པ་རེད། ང་རང་ཚོས་ཉིན་རེའི་འཚོ་བའི་ནང་དུ་སེམས་པ་བཟང་པོ་དང་འཛམ་གླིང་ཞི་བདེར་སྨན་པའི་འབད་རྩོལ་གང་ཐུབ་གནང་དགོས་ཞེས་དང་ང་རང་ཚོ་ཚང་མས་བྱམས་བརྩེ་བློའི་ཐོག་ནས་གཅིག་ཕན་གཅིག་གྲོགས་གནང་དགོས་གལ་ཡིན་པའི་ལམ་སྟོན་མཛད་པར་མ་ཟད། འཛམ་གླིང་ཐོག་བདེ་སྐྱིད་དང་ཞི་བདེའི་ངང་གནས་འགྲོ་བ་ཀུན་མཉམ་གནས་ཐུབ་པར་ཐུགས་སྨོན་མཛད་སོང་།

དེ་བཞིན་༸གོང་ས་མཆོག་གི་༸སྐུའི་ཐུགས་བསྐྱེད་ཆེན་པོ་བཞི་ལས་གཙོ་བོ་གཅིག་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་དང་འབྲེལ་ནས་བླང་དོར་གྱི་བཀའ་སློབ་བཀའ་དྲིན་སྩལ་བའི་ཁྲོད། མགོན་པོ་༸གང་ཉིད་མཆོག་གི་༸སྐུ་སྒེར་གྱི་ཆོས་ནི་ནང་ཆོས་ཡིན་ཀྱང་། ས་གནས་གང་དུ་ཆིབས་བསྒྱུར་མཛད་ཀྱང་ཁ་ཆེའི་ལྷ་ཁང་དང་ཧིཾདུའི་ལྷ་ཁང་། གཅེར་བུ་བའི་ལྷ་ཁང་སོགས་ལ་ཆིབས་བསྒྱུར་མཛད་ཀྱི་ཡོད་ཅེས་བཀའ་སྩལ་བ་དང་འབྲེལ་ནས་ཆོས་ལུགས་ཚང་མའི་བསླབ་བྱ་ནི་གཞན་ཕན་སྒྲུབ་དགོས་པ་དང་བྱམས་བརྩེ་གནང་དགོས་པ་གཅིག་མཚུངས་ཆགས་ཡོད་སྟབས་ཆོས་ལུགས་ནང་ཕན་ཚུན་དབར་དམ་ཚིག་གཙང་མའི་ཐོག་ནས་མཐུན་སྒྲིལ་གནང་དགོས་གལ་ཡིན་པའི་བླང་དོར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།

མགོན་པོོ་༸གང་ཉིད་མཆོག་ཇོ་ཁང་གི་མཛད་འཆར་གྲུབ་མཚམས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ ཇི་སྲིད་ནམ་མཁའ་གནས་པ་དང༌།། འགྲོ་བ་ཇི་སྲིད་གནས་གྱུར་པ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག། ཅེས་གསུང་འདོན་དང་འབྲེལ་ཚེ་རབས་ནས་ཚེ་རབས་སུ་གཞན་དོན་སྒྲུབ་ས་ཞིག་ཏུ་སྐྱེས་པར་ཐུགས་སྨོན་མཛད་སོང་།  

གསར་འགོད་པས་ལ་དྭགས་ནང་ཚོགས་ཀྱི་དབུས་སྐྱོང་ཐུབ་བསྟན་ཚེ་དབང་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས་ལ་དྭགས་མང་ཚོགས་ཀྱིས་༸གོང་ས་མཆོག་ལ་བརྩེ་བ་དང་དད་གུས་ཇི་ཙམ་ཡོད་མེད་དེ་རིང་གི་ཁོར་ཡུག་ལས་རྟོགས་ཐུབ་ངེས་ཡིན་པ་དང་། དེང་སྐབས་དམག་དང་ཟང་ཟིང་ཆེ་བའི་དུས་སྐབས་འདིར་༸གོང་ས་མཆོག་གི་བཀའ་སློབ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་གསུངས་སོང་། ལྷག་དོན་ཁོང་གིས་རང་གཞན་ཚང་མས་༸གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་དེ་དག་ལག་ལེན་བསྟར་ནས་དྲང་ལྡན་དང་འཚེ་མེད་ཞི་བའི་ཐོག་ནས་ཆོས་ལུགས་མཐུན་སྒྲིལ་གནང་དགོས་པའི་གཞེན་སྐུལ་གནང་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རིམ་བཞིན་ལ་དྭགས་གླེ་རུ་རྟེན་གཞི་བྱས་པའི་ཁ་ཆེ་སུན་ནི་དང་ཞི་ཡཱ་མཆོད་ཁང་། དེ་བཞིན་མཱོ་རཱ་ཝིན་ཡི་ཤུའི་མཆོད་ཁང་བཅས་སུ་ཆིབས་བསྒྱུར་བཀའ་དྲིན་མཛད་ཀྱི་ཡོད་སྐོར་གསུངས་སོང་།

མཛད་འཆར་ལ་གཞིགས་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་ ༧ ཚེས་ ༢༡ ནས་ ༢༣ བར་ཉིན་གསུམ་རིང་ཞི་བ་ཚལ་གསུང་ཆོས་རྭ་བར་བཀའ་ཆོས་བཀའ་དྲིན་སྩལ་རྒྱུ་དང་། དེ་ཡང་འདི་ཚེས་ ༢༡ དང་ ༢༢ ཉིན་གཉིས་རིང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། ཚེས་ ༢༣ ཉིན་སྤྱན་རས་གཟིགས་ཀྱི་བཀའ་དབང་བཀའ་དྲིན་སྩལ་རྒྱུ་མ་ཟད། ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ་ཐུན་མོང་ནས་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པ་རེད། དེ་བཞིན་ལ་དྭགས་ལམ་སྒྲོན་སློབ་གྲྭའི་དབྱར་ཆོས་ཆེན་མོར་དབུ་བཞུགས་མཛད་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།