Tibetan Royal Year of 2151 | Year of the Wood Dragon

༸གོང་ས་མཆོག་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ། 

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱལ་སྤྱིའི་ནང་པའི་ཆེས་མཐོའི་ལྷན་ཚོགས་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ་དང་འབྲེལ། ཆོས་གྲོགས་ཡོངས་ནས་རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་ནང་པའི་ཆོས་ཚུལ་དེ་རིན་ཐང་ཅན་ཞིག་ཡིན་པར་ངོས་འཛིན་གྱིས་ཉིན་རེ་བཞིན་དུ་དཔྱད་འཇོག་ཟུང་འབྲེལ་གྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་གནང་དགོས་པར་ལམ་སྟོན་མཛད་སོང་།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཨ་ཤོ་ཀ་གསོལ་མགྲོན་ཁང་དུ་ཁ་སང་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་དབུ་འབྱེད་དང་འབྲེལ་རྒྱལ་སྤྱིའི་ནང་པའི་ཆེས་མཐོའི་ལྷན་ཚོགས་ཆེས་ཐོག་མ་དེ་དབུ་འཛུགས་གནང་ཡོད་པ་ལྟར། དེ་རིང་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་མགོན་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་ཡོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱིའི་རྒྱལ་ཁབ་ཁག་ ༣༠ ལྷག་ནས་ནང་པའི་སྐུ་ཚབ་མི་གྲངས་ ༡༧༠ ལྷག་དང་རྒྱ་གར་ནང་གི་ནང་པའི་ཚོགས་པ་འདྲ་མིན་ནས་སྐུ་ཚབ་མི་གྲངས་ ༡༥༠ ལྷག་ལྷན་ཞུགས་གནང་བའི་ཚོགས་བཅར་བ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པའི་ཚིག་གཉིས་པོའི་གོ་དོན་དང་གལ་གནད་སྐོར་ལ་བཀའ་སྩལ་བར་མ་ཟད། ཆོས་ལུགས་ཚང་མས་གཞན་ལ་ཕན་ཐོགས་ཆེན་པོ་གནང་བཞིན་ཡོད་ཀྱང་། ནང་པའི་ཆོས་ལ་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པར་བཀའ་སྩལ་བ་དང་འབྲེལ་ཏེ་ཆོས་གྲོགས་ཡོངས་ནས་རང་ཉིད་ཀྱི་ཕ་མེས་ནས་ཡོད་པའི་ནང་པའི་ཆོས་ཚུལ་དེ་རིན་ཐང་ཅན་ཞིག་ཡིན་པར་ངོས་འཛིན་གྱིས་ཉིན་རེ་བཞིན་དུ་དཔྱད་འཇོག་ཟུང་འབྲེལ་གྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་གནང་དགོས་པར་ལམ་སྟོན་མཛད་སོང་།

༸གོང་ས་མཆོག་གིས་སྐབས་དེར་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ཏུ་རྔ་དང་སྦུག་ཆལ་སོགས་དཀྲོལ་སྲོལ་ཡོད་པའི་ཆོ་ག་དེ་རིགས་དགོས་ངེས་ཡིན་ཀྱང་། གཙོ་བོ་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་གནང་གལ་ཆེ་སྐོར་བཀའ་སྩལ་འདུག

དེ་བཞིན་མགོན་པོ་༸གང་ཉིད་མཆོག་གིས་བོད་ཀྱི་གནད་དོན་ལ་མཚོན་ན་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ཀྱང་རྐྱེན་ངན་དེ་བྱང་ཆུབ་ཀྱི་ལམ་དུ་གྱུར་ཤེས་པ་ཞིག་བྱེད་དགོས་ཞེས་ལམ་སྟོན་མཛད་ཡོད།

རྩ་བའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་གཙོས། ཤྲི་ལངྒ་དང་། སོག་ཡུལ། འབྲུག བལ་ཡུལ། ཝེ་ཏི་ནམ་བཅས་ཀྱི་ནང་པའི་ཆོས་དཔོན་ཁག་གཅིག་དང་། ༸དཔལ་ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་དང་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག ༸སྐྱབས་རྗེ་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་སོགས་དབུ་བཞུགས་མཛད་འདུག

གཞན་ཡང་དེ་རིང་ཉིནགཉིས་པའི་མཇུག་སྡོམ་མཛད་སྒོ་ཐོག་ཆོས་ཕྱོགས་ཀྱི་སྐུ་ཚབ་ངོ་བོའི་ཐོག་ནས་དགེ་སློང་ Ashing Kumara མཆོག་དང་མཁས་པའི་སྐུ་ཚབ་ངོ་བོའི་ཐོག་ནས་སྐུ་ཞབས་  Robert Thurman ལགས་རྣམ་གཉིས་ནས་༸གོང་ས་མཆོག་དབུ་བཞུགས་ཐོག་ཕྱོགས་གཉིས་པོའི་ལས་དོན་ཞུ་ཕྱོགས་ཀྱི་བྱ་གཞག་སོགས་ངོ་སྤྲོད་ཞུས་ཡོད།   

ལྷན་ཚོགས་ཐོག་ལྷན་ཚོགས་གོ་སྒྲིག་གནང་མཁན་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གི་སྐུ་ཚབ་དང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་བཀྲིན་མཛད་ཐུབ་པ་དེ་ཧ་ཅང་གི་སྐལ་བ་བཟང་པོ་བྱུང་ཞེས་འགྲེལ་བརྗོད་གནང་བར་མ་ཟད། ༸གོང་ས་མཆོག་ནི་འཛམ་གླིང་ནང་གི་འགྲོ་བ་མི་ས་ཡ་མང་པོར་སེམས་སྐུལ་སྤེལ་གནང་མཛད་མཁན་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པར་ཆེ་བསྟོད་ཞུས་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་གིས་བླང་དོར་གྱི་ལམ་སྟོན་མཛད་པ་དེ་དག་ང་ཚོར་ཆེས་ཉེར་མཁོ་ཡོད་པ་ཞིག་ཆགས་ཡོད་ཅེས་སོགས་གསུངས་སོང་།

གཞི་རྩའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་ཉིན་ཕྱི་ཚེས་ ༡༩ ཉིན་རྒྱལ་ས་ལྡི་ལིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  མགོན་པོ་༸གང་ཉིད་མཆོག་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དོན་གཙོ་བོ་ནི་གོ་ལའི་ལྷན་ཚོགས་ཀྱི་ཉིན་གཉིས་པའི་ཚོགས་མགོན་དུ་དབུ་བཞུགས་མཛད་ཕྱིར་ཇི་ལྟར་གདན་ཞུ་ཕུལ་དོན་བཞིན་ཆིབས་བསྒྱུར་བཀྲིན་བསྐྱངས་པ་ཞིག་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སང་ཉིན་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་མཛད་ཀྱི་ཡོད་རེད།

འབྲེལ་ཡོད་གསར་གནས།

གསར་གནས།