དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༦ འཁོར་བའི་ཉིན་མོ་སྲུང་བརྩི་ཞུས་སོང་བ་དང་། མཛད་སྒོའི་ཐོག་ཨོ་གླིང་དང་ནིའུ་ཛི་ལནྜ། ཧྥི་ཇི། ཧྥ་རན་སི། ཅེག དེ་བཞིན་ཅི་ལི་བཅས་ནས་གྲོས་ཚོགས་འཐུས་ཁག་གཅིག་སྐུ་མགྲོན་དུ་ཆེད་ཕེབས་གནང་སོང་།

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་བཤད་ཁྲོད། མི་ལོ་ ༣༦ གོང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཐོག་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འདི་ཉིད་འབུལ་བཞེས་སྐབས་སྩལ་བའི་བཀའ་སློབ་བསྐྱར་དྲན་དང་འབྲེལ། ༸གོང་ས་མཆོག་གི་ཞི་བདེའི་རིག་པའི་གཞུང་ལུགས་ཀྱིས་དེང་རབས་ཀྱི་འཛམ་གླིང་འདིར་འཚེ་བ་དང་འགལ་ཟླའི་ཁྲོད་དུ་ཞི་འཇམ་དང་རྒྱུ་མཚན་ལྡན་པའི་འདེམས་ཀ་ཞིག་མཁོ་སྤྲོད་མཛད་ཡོད་པས། ང་ཚོའི་ངོས་ནས་གཞུང་ལུགས་ལ་སློབ་གཉེར་དང་ཉམས་ལེན་འབད་བརྩོན་བྱ་དགོས་པ། དེ་བཞིན་གཞུང་ལུགས་དེ་ཉིད་ཀྱི་གཞི་མ་བྱམས་བརྩེའི་བསྟན་ཆོས་འདི་འཛམ་གླིང་ཧྲིལ་པོར་དར་སྤེལ་ཡོང་བའི་སྨོན་འདུན་ཞུས་སོང་།

དེ་བཞིན་སྲིད་སྐྱོང་མཆོག་གིས་དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རྒྱ་ནག་སྲིད་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་དང་བོད་ཀྱི་རང་བྱུང་འཁོར་ཡུག་གཏོར་བཤིག་བཏང་བའི་བྱ་སྤྱོད་སོགས་མྱུར་དུ་མཚམས་འཇོག་གིས་གཉིས་སྨན་དབུ་མའི་ལམ་གྱི་བརྒྱུད་བོད་རྒྱའི་གནད་དོན་ཞི་འགྲིག་གི་ཐབས་ལམ་ལ་མངོན་དུ་ཕྱོགས་པའི་ཞུ་སྐུལ་གནང་སོང་།
ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ ༡༩༨༩ ལོར་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པ་དེས་གཟེངས་རྟགས་དེའི་ཆེ་མཐོང་སྔར་ལྷག་སོང་བ་དང་ཆབས་གཅིག བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱལ་སྤྱིའི་ནང་གོ་རྟོགས་དང་དོ་སྣང་ཇེ་ཆེར་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་འགྲེལ་བརྗོད་ཀྱིས། རྒྱལ་སྤྱིའི་འགོ་ཁྲིད་རྣམས་ལ་དེ་འབྲེལ་འབོད་སྐུལ་ཞུས་སོང་།
དེ་བཞིན་ཐེངས་འདིའི་དུས་ཚིགས་དང་བསྟུན། འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལྕམ་སྐུ་ Maria Corina Machado མཆོག་ལ་འཚམས་འདྲི་གནང་བ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་རྒྱལ་བ་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་ཞིང་མཛད་འཕྲིན་རྣམས་རྒྱུན་མི་ཆད་པར་སྐྱོང་གནང་ཡོང་བའི་གསོལ་འདེབས་ཞུས་པ་དང་། དེ་རིང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞིའི་འབྲུ་དོན་ཁག་ཚུལ་བཞིན་ལག་བསྟར་ཡོང་རྒྱུར་རྒྱ་ནག་གཞུང་ལ་གནོན་ཤུགས་དང་སྐུལ་མ་བྱེད་དགོས་པའི་ཞུ་འབོད་གནང་སོང་།

དེ་རིང་གི་མཛད་སྒོའི་ཐོག་ཨོ་གླིང་ལྗང་ཁུ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་ལྕམ་ Barbara Pocock ལགས་དང་། ཨོ་གླིང་ངལ་སྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་ Satah Witty ལགས་དང་ Ducan Webb ལགས། ཨོ་གླིང་རང་སྐྱོང་གྲོས་ཚོགས་འཐུས་མི་ Kate Chaney ལགས། དེ་བཞིན་ནིའུ་ཛི་ལནྜ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ Grag Fleming ལགས་དང་། ཧྥི་ཇི་རང་སྐྱོང་གྲོས་ཚོགས་འཐུས་མི་ Virendra Lal ལགས་སོགས་རྒྱལ་ཁབ་དྲུག་གི་གྲོས་ཚོགས་འཐུས་མི་ཁག་གཅིག་ཆེད་ཕེབས་གནང་ཡོད་པ་མ་ཟད། སྐབས་དེར་མཛད་སྒོའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་སོགས་མི་ཉམས་རྒྱུན་འཛིན་གནང་དགོས་པ། ལྷག་པར་དུ་མ་འོངས་པའི་བོད་པའི་གཞོན་སྐྱེས་རྣམས་ལ་རྩིས་སྤྲོད་བྱ་དགོས་ངེས་ཡིན་པ་ནན་བརྗོད་དང་འབྲེལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཟང་སྤྱོད་ཀྱི་བཀའ་སློབ་དེ་དག་གལ་ཆེ་ཡིན་པ་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ང་ཚོ་མི་བཟང་པོ་ཞིག་བྱེད་དགོས་པའི་བཀའ་སློབ་དེ་ཚང་མས་སེམས་ནང་བཞག་དགོས་པ་གསུངས་སོང་།

མཛད་སྒོ་གྲུབ་མཚམས་སུ་ཐེག་ཆེན་ཆོས་གླིང་ཉེ་འགྲམ་གྱི་ཚོགས་ཁང་དུ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་བ་དང་།ཁོང་རྣམས་ཀྱིས་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་དང་འབྲེལ་༸གོང་ས་མཆོག་ནི་བོད་པ་ཙམ་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད་པས་ད་ལྟའི་དུས་སུ་ང་ཚོར་ཁོང་གི་བཀའ་སློབ་དང་བསླབ་བྱ་སོགས་དགོས་ངེས་ཡིན་པ་གསུངས་སོང་།



