དེ་རིང་༸བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་ཨིན་ཡུལ་ནང་རྟེན་གཞི་བྱས་པའི་ Gold Mercury International ཞེས་པའི་རྒྱལ་སྤྱིའི་ཚོགས་སྡེས་༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཁྲོད་འཚེ་མེད་ཞི་བདེ་དང་། ཆོས་ལུགས་འཆམ་མཐུན། ཁོར་ཡུག་གི་འགན་འཁྲི་བཅས་ཀྱི་ཐོག་མཛད་རྗེས་རླབས་པོ་ཆེ་བསྐྱངས་གནང་མཛད་པར་ཆེ་བསྟོད་ཀྱིས་༸མགོན་པོ་༸གང་ཉིད་མཆོག་ལ་ཕྱི་ལོ་ ༢༠༢༥ ལོའི་ Gold Mercury ཞེས་པའི་གཟེངས་རྟགས་འབུལ་བཞེས་མཛད་འདུག
Gold Mercury International ཞེས་པའི་རྒྱལ་སྤྱིའི་ཚོགས་པ་དེ་བཞིན་ཕྱི་ལོ་ ༡༩༦༡ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། འཛམ་གླིང་ཡོངས་ནས་ངོས་འཛིན་ཐོབ་པའི་རང་དབང་ཅན་གྱི་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་ཞིང་། ཚོགས་པ་དེའི་ངོས་ནས་འཛམ་གླིང་ཞི་བདེ་དང་། འཛིན་སྐྱོང་ལེགས་ཐོན་སོགས་མཛད་རྗེས་རླབས་ཆེན་འཇོག་མཁན་རྣམས་ལ་གཟེངས་རྟགས་འབུལ་སྲོལ་ཡོད་པ་རེད་འདུག

དེ་ཡང་དེ་རིང་ཚོགས་པ་དེའི་ཚོགས་གཙོ་སྐུ་ཞབས་ Nicolas De Santis Cuadra ལགས་ཀྱི་དབུས་པའི་འབྲེལ་ཡོད་སྐུ་ཚབ་ཁག་གཅིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་མཇལ་ཁ་ཞུས་པ་དང་འབྲེལ། ༸གོང་ས་མཆོག་གིས་ད་བར་འཛམ་གླིང་ཞི་བདེ་དང་། རྩོད་རྙོག་སྡུམ་སྒྲིག ཆོས་ལུགས་འཆམ་མཐུན། ཁོར་ཡུག་གི་འགན་འཁྲི་བཅས་ཀྱི་ཐུགས་བཞེད་ཐོག་ནས་འཚེ་བ་མེད་པ་དང་། འགྲོ་བ་མིའི་ཆེ་མཐོང་དང་ཐོབ་ཐང་ལ་མཛད་རྗེས་རླབས་པོ་ཆེ་བསྐྱངས་གནང་མཛད་ཡོད་པ་མ་ཟད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁྲོད་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་ཐབས་གཙོས། འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་བཅས་ཀྱི་སྒོ་ནས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར་སོགས་ལ་སྨན་པའི་ཞི་བདེ་དོན་དང་ལྡན་པ་ཞིག་འབྱུང་ཐབས་རྨད་བྱུང་གི་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་ཆེ་བསྟོད་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་ Gold Mercury Award གཟེངས་རྟགས་འབུལ་བཞེས་མཛད་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་དེར་ང་ཚོ་ཚང་མ་ཨ་མའི་བྱམས་རྩེའི་འོག་འཚར་ལོང་བྱུང་བ་གཅིག་མཚུངས་ཡིན་པ་དང་། དེ་ལྟ་བུའི་གཅིག་གྱུར་གྱི་ཉམས་མྱོང་དེ་བསམ་བློའི་ནུས་པ་གོང་འཕེལ་མ་ཕྱིན་པའི་སྔ་རོལ་ནས་ཡོད་པ་བཀའ་སྩལ་དང་འབྲེལ། རང་ཉིད་ཀྱི་རྒྱུད་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་བརྩེའི་ནུས་པ་དེ་ཉིད་གོང་འཕེལ་བརྒྱུད་འཛམ་གླིང་འདིར་དོན་དམ་གྱི་ཞི་བདེ་ཡོང་ཐབས་གནང་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་དྲིན་ཆེ་བ་བསྩལ་སོང་།

སྔ་དྲོའི་མཇལ་ཁ་ལེགས་གྲུབ་ཟིན་མཚམས་སུ་གསར་འགོད་པས་ Gold Mercury ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Nicolas De Santis Cuadra ལགས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟེངས་རྟགས་དེ་ལྟར་འབུལ་དགོས་དོན་དང་དེ་རིང་གི་མཇལ་མོལ་སྤྱི་ཡོངས་དང་འབྲེལ་བཅར་འདྲི་ཞུས་པར་ཁོང་གིས་ཚོར་ཤུགས་ཆེན་པོ་ཐོག་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁྲོད་ཆོས་ལུགས་ལ་མ་རྟེན་པའི་བཟང་སྤྱོད་སློབ་སྤེལ་གནང་ཐབས་གཙོས། འཛམ་གླིང་འདིར་ཕན་ཚུན་བསམ་ཤེས་དང་། མཐུན་སྒྲིལ། དྲང་བདེན། བྱམས་བརྩེ་བཅས་གོང་འཕེལ་སླད་རྨད་བྱུང་གི་མཛད་བཟང་བསྐྱངས་དང་སྐྱོང་མུས་ལ་ཆེ་བསྟོད་ཀྱིས་འདི་ལོའི་ ༢༠༢༥ ལོའི་ Gold Mercury Award གཟེངས་རྟགས་འབུལ་བཞེས་མཛད་ཡོད་པ་གསུངས་སོང་ལ། ད་རེས་ཚོགས་པས་༸གང་ཉིད་ལྟ་བུའི་སྐྱེས་བུ་རླབས་ཆེན་ཞིག་ལ་གཟེངས་རྟགས་དེ་ཉིད་ཕུལ་ཐུབ་པར་དགའ་སྤོབས་དཔག་ཏུ་མེད་པ་སྐྱེས་བྱུང་ཞེས་གསུངས་སོང་།

མ་ཟད། འཛམ་གླིང་འདིར་རང་རྒྱལ་གཞན་ཕམ་གྱི་བསམ་བློ་བཏང་ནས་འཁྲུག་རྩོད་དང་ཤོག་ཁག ཁོར་ཡུག་གི་དཀའ་ངལ་བཅས་ཡོང་བཞིན་པའི་དུས་ཚོད་གཉན་འཕྲང་ཅན་འདིར། མགོན་པོ་༸གང་ཉིད་མཆོག་གི་མཐའ་ཡས་པའི་ཐུགས་དགོངས་དེ་ཉིད་ཤིན་ཏུ་ནས་གནད་འགག་ཆེན་པོ་ཆགས་ཡོད་པ་དང་ཆབས་ཅིག ལྷག་དོན་༸གོང་ས་མཆོག་གིས་འཛམ་གླིང་འདིར་མི་དུང་ཕྱུར་བརྒྱད་ཅུ་ཙམ་ཡོད་པ་ཚང་མས་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་བདེ་ཞིང་སྐྱིད་པའི་མི་ཚེ་ཞིག་བསྐྱལ་དགོས་ཞེས་ཡང་ཡང་བཀའ་སྩལ་གནང་གི་ཡོད་པ་དེས་ཁ་ཡོད་ལག་ཡོད་ཀྱིས་རྒྱལ་སྤྱིའི་ནང་འཁྲུག་རྩོད་ཁག་ཞི་ཐབས་དང་། འགྲོ་བ་མིའི་ཐོབ་ཐང་གི་འགན་ཁུར། རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཐུབ་ཀྱི་ཡོད་པ་གསུངས་སོང་།
སྤྱིར་ཚོགས་པའི་དྲྭ་ཚིགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། གཟེངས་རྟགས་དེ་ཐོབ་པར་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཞེས་དང་། དེའི་བརྒྱུད་ནས་སྙིང་རྗེ་དང་ཡུན་གནས་རང་བཞིན་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུར་ང་ཚོའི་ཆོད་སེམས་གཅིག་མཚུངས་ཡིན་པ་མཚོན་གྱི་ཡོད་ཅིང་། ངོས་འཛིན་དེས་ང་ཚོར་མཉམ་རུབ་གྱི་འགན་འཁྲི་ཐོག་ནས་བསམ་ཤེས་དང་ཤེས་རབ། ཁོར་ཡུག་ལྷིང་འཇགས་གོང་འཕེལ་གཏོང་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད་ཅེས་བཀའ་སྩལ་དང་འབྲེལ། གཟེངས་རྟགས་ཚོགས་པའི་འཛམ་གླིང་ཀུན་ཁྱབ་ཀྱི་རིན་ཐང་ཐོག་སེམས་ཤུགས་ཆེན་པོས་ལས་དོན་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞེས་བཀའ་བསྩལ་མཛད་གནང་འདུག




