དེ་རིང་ཕྱི་ཟླ་ ༣ པའི་ཚེས་ ༣༡ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༩ པའི་ལས་ཉིན་མཐའ་མའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥-༢༠༢༦ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགོད་དངུལ་སྔོན་རྩིས་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༣༠༤ ལྷག་ཙམ་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་དགུ་པ་མཇུག་བསྒྲིལ་གནང་སོང་།

དེ་ཡང་དེ་རིང་གི་གྲོས་ཚོགས་ཐོག་ཁྲིམས་བཟོའི་ལས་དོན་ཁག་གི་བརྗོད་པ་གསུམ་པ་སྟེ་གཏན་འབེབས་སོགས་ཡོངས་སུ་གནང་མཚམས། ཚོགས་གཙོ་གཞོན་པ་སྒྲོལ་མ་ཚེ་རིང་མཆོག་གིས་རྩིས་ལོ་ ༢༠༢༥ དང་ ༢༠༢༦ ལོའི་གཏོང་ལེན་དང་རྩིས་ཀྱི་འགན་དབང་གི་ཁྲིམས་ཡིག་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། རྩིས་ལོ་ ༢༠༢༥-༢༠༢༦ ལོའི་ལས་ཁུངས་མ་ལག་དང་བཅས་པའི་འགོད་དངུལ་ཧིན་སྒོར་ས་ཡ་ ༣,༣༠༤,༠༡༧,༣༠༧ སྤྱི་མོས་ཀྱིས་གཏན་འབེབས་གནང་བ་དང་འབྲེལ། གོང་གསལ་གྱི་འགོད་དངུལ་སྔོན་རྩིས་ཕྱོགས་བསྡོམས་ནང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་། ས་འཐུས་མེད་པའི་ས་གནས་ཁག་བདུན། དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་རྩིས་ཁང་ཁག་ ༣ བཅས་སྔོན་རྩིས་འགྲོ་འཆར་གྱི་མ་དངུལ་ཧིན་སྒོར་ ༦༥,༣༧༨,༧༡༢ ཚུད་ཀྱི་མེད་པ་རེད།
རྩ་བའི་ཐེངས་འདིའི་གྲོས་ཚོགས་ཐོག་འཛིན་སྐྱོང་ནས་རྩིས་ལོའི་ཚོད་དཔག་འགྲོ་གྲོན་ཧིན་སྒོར་ས་ཡ་ ༣༦༧༥ ལྷག་གི་སྔོན་རྩིས་འཆར་འབུལ་ཞུས་ཡོད་ཀྱང་། འཆར་འབུལ་དེ་ཉིད་ཨ་རིའི་རོགས་ཚོགས་ཡོད་ཤག་ཐོག་ཕུལ་བ་ཞིག་ཡིན་པ་ལྟར། ཨ་རིའི་རོགས་དངུལ་བཀག་བསྐྱིལ་བྱས་པའི་གནད་དོན་དང་འབྲེལ་ནས་འཛིན་སྐྱོང་བཀའ་ཤག་ནས་རོགས་དངུལ་དང་འབྲེལ་བའི་ལས་གཞི་ཁག་གི་གཙོས་ཁྱོན་ཧིན་སྒོར་ས་ཡ་ ༣༤༠ ཙམ་གྱི་གཅོག་ཆ་བསྣམས་ཕེབས་ཡོད་པ་ལྟར། གྲོས་ཚོགས་ནས་དེ་འབྲེལ་བཀའ་འཁྲོལ་དང་། དེ་བཞིན་ལས་གཞི་བྱེད་བྲག་གཞན་ཁག་གཅིག་ལ་སྤར་ཆ་བཅས་དང་སྦྲགས་ད་ལན་སྔོན་རྩིས་གཏན་འབེབས་གནང་བ་ཧིན་སྒོར་ས་ཡ་ ༣༣༠༤ ལྷག་ཙམ་ཆགས་ཀྱི་ཡོད་པ་རེད།
དེ་རིང་ལས་ཉིན་མཐའ་མའི་ཐོག་གཞན་ཡང་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༢ པའི་སྙན་ཐོ་སྙན་སྒྲོན་དང་དེའི་ཐོག་སྤྱི་འཐུས་རྣམ་པའི་བགྲོ་གླེང་ཁྲོད། སྤྱི་འཐུས་ཁག་གཅིག་ནས་སྤྱིར་སྙན་ཐོའི་ནང་སྐྱོན་གནད་ཡོད་པ་རྣམས་གང་མགྱོགས་སེལ་དགོས་གལ་དང་ལྷག་པར་དུ་ད་ལན་གྲོས་ཚོགས་ནས་ཆ་ཡངས་གནང་བ་ཁག་ངན་པ་ལངས་ཤོར་མ་ཡོང་བ་གནང་དགོས་གལ་སོགས་གསུངས་པ་མ་ཟད། གང་ལྟར་ད་བར་གྱི་སྙན་ཐོ་རིམ་པའི་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གཅིག་ཀྱང་མེད་པ་དེ་ལེགས་པའི་ཆ་ཡིན་པ་སོགས་གསུངས་སོང་།

ཕྱོགས་མཚུངས་ཐེངས་འདིའི་གྲོས་ཚོགས་ཐོག་འཛིན་སྐྱོང་བཀའ་ཤག་གིས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་དང་འབྲེལ། མ་འོངས་གློ་བུར་གྱི་གནས་སྟངས་ཅི་འདྲ་ཞིག་གི་རྐྱེན་པས་བཀའ་ཤག་མེད་པ་དང་། ཡང་ན་བཀའ་སྤྱི་གཉིས་ཀ་མེད་པའི་གནས་སྟངས་ཤིག་ཤར་ཚེ། གློ་བུར་ངེས་མེད་གཞུང་གྲོན་གཏོང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཞིག་ཕེབས་ཡོད་པ་ལྟར། དེ་འབྲེལ་བགྲོ་གླེང་ལྷུག་པོ་བྱུང་རྗེས་ཚོགས་ཆུང་འཛུགས་རྒྱུའི་དགོངས་འཆར་ཐོག་གྲོས་མཐུན་བྱུང་བ་བཞིན། དེ་རིང་གི་ལས་ཉིན་མཐའ་མའི་ཐོག་ཚོགས་དུས་འདིའི་སྤྱི་ཡོངས་དགོངས་འཆར་དང་ཁྲིམས་འཆར་ལ་གཞིགས་ཏེ་བསྐྱར་ཞིབ་ནན་ཏན་གྱིས་འཆར་ཟིན་དེར་བཟོ་བཅོས་སམ་གང་དགེའི་སླད་སྤྱི་འཐུས་ ༢ དང་བཀའ་ཤག་གི་སྐུ་ཚབ་ ༡ ལས་གྲུབ་པའི་ཆེད་འཛུགས་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་གཞག་གིས་གྲུབ་དོན་སྙན་ཐོ་དང་ཁྲིམས་འཆར་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པར་འགོད་འབུལ་དགོས་རྒྱུའི་མང་མོས་གྲོས་ཆོད་གཏན་འབེབས་གནང་སོང་།
དེ་བཞིན་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མ་དེའི་ཐོག བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་ཀྱི་བཟོ་དབྱིབས། ཚོན་མདོག དེ་བཞིན་བོད་ཀྱི་རྒྱལ་གླུའི་གདངས་རོལ་རིང་ཐུང་བཅས་ཚད་ལྡན་གཅིག་གྱུར་ཡོང་ཆེད་རྩ་འཛིན་ལམ་སྟོན་གྱི་ཟིན་བྲིས་བཟོ་ཆེད། ཚོགས་གཙོ་སྤྲེལ་པོས། སྤྱི་འཐུས་གཉིས་དང་བཀའ་ཤག་གི་སྐུ་ཚབ་གཅིག་བཅས་མི་འགྲོ་གསུམ་ལས་གྲུབ་པའི་ཚོགས་ཆུང་བསྐོ་བཞག་གིས། གྲུབ་དོན་སྙན་ཐོ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ཐོག་འགོད་འབུལ་དགོས་པའི་སྤྱི་མོས་གྲོས་ཆོད་གཏན་འབེབས་གནང་སོང་།

སྐབས་དེར་སྤྱི་འཐུས་ཁག་གཅིག་གིས་རྒྱལ་དར་ཐོག་དགོངས་ཚུལ་སྣ་མང་ཕེབས་པ་མ་ཟད། བོད་ཀྱི་རྒྱལ་དར་བེད་སྤྱོད་བྱེད་ཕྱོགས་ཐད་སྒྲིག་གཞི་དང་ལམ་སྟོན་གསལ་པོ་དགོས་གལ། དེ་བཞིན་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གསར་པ་ཞིག་དགོས་གལ་གཟིགས་ཀྱི་ཡོད་སྐོར་གསུང་མཁན་བྱུང་སོང་ལ། དེའང་ཚོགས་ཆུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྗགས་རྩོམ་མཛད་རྒྱུའི་གསོལ་འདེབས་ཞུ་དགོས་པ་སོགས་ཀྱི་དགོངས་འཆར་གསུང་མཁན་བྱུང་སོང་།
གྲོས་ཚོགས་ཚོགས་འདུ་དགུ་པའི་མཚམས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་སྡོམ་གསུང་བཤད་ཁྲོད་ཐེངས་འདིའི་གྲོས་ཚོགས་ཐོག་ལས་འབོར་མང་ཡང་ལས་དོན་གང་ལེགས་བྱུང་བ་འགྲེལ་བརྗོད་དང་འབྲེལ། མ་འོངས་པར་བོད་མིའི་སྒྲིག་འཛུགས་དེ་ཉིད་རང་ཁ་རང་གསོའི་ཕྱོགས་སུ་བསྐྱོད་ཐུབ་སླད་མང་ཚོགས་སོ་སོའི་ངོས་ནས་གཞན་ལ་རྟེན་མ་དགོས་པའི་ཐད་འགན་འཁུར་དགོས་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཁྲོད་བཙན་བྱོལ་བོད་མི་རྣམས་ཀྱིས་རྒྱལ་སྤྱིའི་ཁྲོད་བོད་ཞེས་པའི་རྣམ་པ་ཐོན་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་མ་ཟད། སྤྱི་ཚོགས་དྲྭ་རྒྱ་བེད་སྤྱོད་སྐབས་བོད་དང་བོད་མི། བོད་ཀྱི་རྩ་དོན་ཐོག་དྲིལ་བསྒྲགས་བྱ་དགོས་པ། གཞན་ཡང་༸གོང་ས་མཆོག་གི་དགོངས་གཞི་བསྒྲུབ་པར་གང་དག་བྱེད་དགོས་པ་དང་། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཉི་ཧོང་དུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་འཚོག་འཆར་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་སོང་།




