Tibetan Royal Year of 2151 | Year of the Wood Dragon

ཀརྨ་པ་རིན་པོ་ཆེ་མཆོག་གིས་སྐུ་ཉིད་བོད་ལ་བཞུགས་པ་ལས་རྒྱ་གར་དུ་ཕེབས་པ་འདིས་ཕན་ཐོགས་ཆེ་བ་བྱུང་ཞེས་གསུངས་པ།

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་སྐུ་ཉིད་བོད་ལ་བཞུགས་པ་ལས་རྒྱ་གར་ནང་དུ་ཕེབས་ཐུབ་པ་འདིས་ཕན་ཐོགས་ཆེ་བ་བྱུང་ཞེས་གསུངས་འདུག
ཁ་སང་ཟླ་ ༤ ཚེས་ ༢༣ ཉིན་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དཔལ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཕྱག་དེབ་གསར་པ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་འབྱེད་གནང་ཡོད་པ་དང་། ཕྱག་དེབ་དེའི་མཚན་བྱང་ལ་ Interconnected: Embracing life in our Global Society ཞེས་གཅིག་ལ་གཅིག་བརྟེན་གྱི་གོ་ལོའི་སྤྱི་ཚོགས་དེའི་ནང་འགྲོ་བ་མིའི་མི་ཚེ་སྐྱེལ་སྟངས་སྐོར་ལ་ཆགས་ཀྱི་འདུག ད་རེས་ཀྱི་ཕྱག་དེབ་དེ་ནི་དེ་སྔ་ཕྱི་ལོ་ ༢༠༡༣ ལོར་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་དང་། ཨ་རིའི་ California ནང་རྟེན་གཞི་བྱས་པའི་ Redlands གཙུག་ལག་སློབ་གཉེར་ཁང་གི་སློབ་མའི་དབར་ལ་ཟླ་བ་གསུམ་མན་ཙམ་རིང་ལ་དེང་སྐབས་སྤྱི་ཚོགས་ནང་དུ་འབྱུང་བཞིན་པའི་ཆོས་ལུགས་ཕན་ཚུན་དབར་སྡང་སེམས་དང་རྙོག་གླེང་། དེ་བཞིན་གཅིག་ལ་གཅིག་བརྟེན་གྱི་གོ་ལའི་སྤྱི་ཚོགས་སྐོར་གླེང་མོལ་གནང་པ་ཆེད་བསྒྲིགས་ཞུས་པའི་ཕྱག་དེབ་ཅིག་ཆགས་ཡོད་པ་རེད།
རྒྱ་གར་གྱི་བརྒྱུད་ལམ་ཐོག་ཏུ་གནས་ཚུལ་བཀོད་པར་གཞིགས་ན། ཀརྨ་པ་རིན་པོ་ཆེ་མཆོག་གིས་ཁ་སང་ཕྱག་དེབ་དབུ་འབྱེད་ཀྱི་མཛད་སྒོར་རྒྱ་གར་རྒྱལ་ཁབ་འདི་སྐུ་ཉིད་གཙོས་པའི་སྐྱབས་བཅོལ་བོད་མི་ཡོངས་ཀྱི་སེམས་ནང་ལ་དམིགས་བསལ་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་པ་དང་། ལྷག་པར་དུ་ད་བར་འདས་པའི་ལོ་ངོ་ ༡༧ རིང་ལ་སྐུ་ཉིད་རྒྱ་གར་ནང་དུ་བཞུགས་པའི་དུས་ཡུན་ནང་སྐུ་སྒེར་ལ་སྐུ་ངལ་དུ་མ་འཕྲད་ཡོད་པ་ལྟར། རྒྱ་གར་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་སྐུ་ཉིད་ལ་བཟོད་བསྲན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་གསུངས་འདུག དེ་བཞིན་འདོན་སྤེལ་གནང་པའི་ཕྱག་དཔེ་དེའི་ནང་དུ་ཀརྨ་པ་རིན་པོ་ཆེ་མཆོག་གིས་སྐུ་ཉིད་བོད་ལ་བཞུགས་པ་ལས་རྒྱ་གར་ནང་དུ་ཕེབས་ཐུབ་པ་འདིས་ཕན་ཐོགས་ཆེ་བ་བྱུང་བ་མ་ཟད། དེའི་བརྒྱུད་ནས་ཕྱི་ཕྱོགས་ལ་མི་སྣ་མང་པོ་ཞིག་དང་ཐུག་འཕྲད་བྱུང་བ་དང་འདི་བཞིན་སྐུ་ཉིད་ལ་མྱོང་བ་གསར་པ་བྱུང་ཞེས་གསུངས་འདུག
ཀརྨ་པ་རིན་པོ་ཆེ་མཆོག་གིས་བརྡ་འཕྲིན་དུས་ཚོད་འདིའི་ནང་དུ་མི་ཕན་ཚུན་དབར་ལ་ཚད་མཐོའི་འབྲེལ་ལམ་ཙམ་མ་ཟད། དྲ་རྒྱའི་བརྒྱུད་ལམ་འདིའི་ཐོག་ནས་ཕན་ཚུན་དབར་གཅིག་ལ་གཅིག་བརྟེན་ཆགས་པ་དེ་དེ་བས་ཀྱང་མངོན་གསལ་དོད་པོ་ཆགས་ཡོད་པ་རེད། འོན་ཀྱང་དེ་ལྟ་བུའི་འཕྲུལ་རིགས་དང་ཕྱི་ཚུལ་གྱི་འབྲེལ་ལམ་གཅིག་པོས་འདང་ངེས་ཤིག་མེད་སྟབས། དྲ་ཐོག་གྱི་འབྲེལ་ལམ་ལས་ནང་སེམས་ཀྱི་བརྒྱུད་ནས་མི་ཕན་ཚུན་དབར་ལ་སེམས་ཐག་ཉེ་བའི་འབྲེལ་ལམ་བཞག་དགོས་པ་རེད། དེ་ལྟར་བྱུང་ཚེ་འགྲོ་བ་མི་ཕན་ཚུན་དབར་ལ་གཅིག་ལ་གཅིག་བརྟེན་ཡིན་པའི་འདུ་ཤེས་ཀྱི་ཚོར་བ་ཞིག་ཡོང་ཐུབ་ཀྱི་རེད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།