Tibetan Royal Year of 2151 | Year of the Wood Dragon

བོད་ནང་གི་ཁམས་མི་ཉག་ས་ཁུལ་གྱི་ཆུ་གློག་ལས་གཞི་ཆེ་ཤོས་ཁྲོད་བོད་མི་བཙན་གྱིས་གནས་སྤོར།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཉེ་སྔོན་ས་གནས་ཀྱི་བོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སྤྱི་ལོ་ ༢༠༠༥ ལོ་ནས་བཟུང་བོད་ཀྱི་ཤར་རྒྱུད། ཁམས་མི་ཉག་འདྲ་པའི་ས་ཁུལ་ཉག་ཆུ་རྫོང་སྟོད་དུ་བོད་ཁམས་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་གསར་རྒྱག་གིས་ས་གནས་དེ་གའི་བོད་མི་མང་པོ་བཙན་དབང་གིས་གནས་སྤོ་བྱེད་དུ་བཅུག་ཡོད་སྟབས། ས་ཁུལ་དེར་གནས་བའི་ཞིང་འབྲོང་མང་ཚོགས་ཀྱི་འཚོ་བ་སྤྱི་དང་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

གཞན་ཡང་ཁོང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ཁམས་ཉག་ཆུ་ས་ཁུལ་དུ་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་ཤུགས་གློག་ཁང་བཟོ་སྐྲུན་གྱིས། ས་ཁུལ་དེའི་རི་བོར་སྤྱི་ལེ་མང་པོ་ཡོད་པའི་ཕུག་ལམ་གསར་རྒྱག་བྱས་ཡོད་པར་བལྟས་ན།  ཆུ་གློག་འཛུགས་སྐྲུན་ཙམ་མིན་པར། གཏེར་ཁ་སྔོན་འདོན་དང་གསང་བའི་དམག་མིའི་རྟེན་གཞི་བཟོ་བཞིན་ཡོད་པའི་དོགས་གཞི་ཡོད་ལུགས་ངོ་སྤྲོད་གནང་ཡོད།

གནས་ཚུལ་མི་སྣས་བརྗོད་པ་ལྟར་ན། རྒྱ་ནག་གིས་ས་གནས་དེ་གའི་བོད་མི་ཚོས་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེར་བཀག་འགོག་དང་ངོ་རྒོལ་མི་བྱེད་པའི་ཆེད་དུ།  སྤྱིོ་ལོ་ ༢༠༠༨ ལོར་དངུལ་འབོར་ཆེན་བཏང་ནས་ས་གནས་དེ་གའི་དཔོན་རིགས་དང་འབྲེལ་ཡོད་མི་སྣ་བསླུ་ཉོ་བྱས་ཡོད་པ་མ་ཟད།  ས་གནས་ཀྱི་འཛུགས་སྐྲུན་ལས་གཞི་དེར་འདོད་པ་མེད་པའི་བོད་མི་མང་པོ་འཛིན་བཟུང་བྱས་ཏེ་ཡུལ་མི་རྣམས་ལ་འཇིགས་སྐུལ་བྱས་པ་བརྒྱུད་ནས་ངེས་པར་དུ་སྲིད་གཞུང་གི་བཀའ་ལྟར་གནས་སྤོར་བྱེད་དགོས་བའི་བཙན་བཀའ་བཏང་སྟབས་བོད་མི་མང་པོ་ཞིག་འུ་ཐུག་ཐབས་ཟད་དུ་གྱུར་ནས་ལོ་ངོ་བརྒྱ་ཕྲག་མང་པོ་རང་གི་འཚོ་གཞི་བཅོལ་སའི་རང་ས་རང་ཡུལ་ནས་གནས་སྤོར་བྱེད་དུ་བཅུག་ཡོད་པར་གསུངས་སོང་།

དེ་བཞིན་རྒྱ་ནག་སྲིད་གཞུང་གིས་ས་ཁུལ་དེའི་ཨར་ལས་ཀྱི་ཁྱབ་ཁོངས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་ས་གནས་དེ་གའི་བོད་མི་མང་པོའི་རྒྱུན་ལྡན་གྱི་འཚོ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པའི་ཁྲོད།  རྟའུ་རྫོང་དང་ཉག་ཆུ་རྫོང་གི་མངའ་ཁུངས་སུ་ཡོད་པའི་བོད་མི་གནས་སྡོད་ཀྱི་གྲོང་བརྡལ་བདུན་བརྒྱད་ཅིག་ས་གནས་གཞན་དུ་བཙན་དབང་གིས་གནས་སྤོར་བྱེད་དགོས་བྱུང་ཡོད་པར་ངོ་སྤྲོད་གནང་ཡོད།  

ཁོང་གིས་ད་དུང་། བོད་མི་རྣམས་ལ་རང་དབང་མེད་པའི་གནས་ཚུལ་འོག སྲིད་གཞུང་གིས་མཁོ་འདོན་བྱས་པའི་ཁ་གསབ་རོགས་དངུལ་ཉུང་ཙམ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད་ནའང་། གུན་གསབ་ཀྱི་འཚོ་བའི་རོགས་དངུལ་ཉུང་ངུ་དེ་ཡང་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་མ་གཏོགས་སྤྲོད་ཀྱི་མེད་པ་དང་།  དམའ་སའི་ས་ཁུལ་ཡོད་ཚད་བཙན་འཕྲོག་བྱས་པར་བརྟེན་རི་སྒང་དུ་ཞིང་ལས་ལས་རིགས་ཀྱང་གཉེར་ཐུབ་ཀྱི་མེད་པར་བརྟེན་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པར་ངོ་སྤྲོད་གནང་ཡོད། 

འདི་གའི་གསར་འགོད་པས། ཉག་ཆུ་ས་ཁུལ་གྱི་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་ནས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་སྡེ་ཚན་གྱི་འགན་འཛིན། ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་སུ་དྲི་བ་ཁག་ཅིག་ཞུས་པར་ཁོང་གིས། ཉག་ཆུའི་ཆུ་གློག་འཛུགས་སྐྲུན་གྱི་ལས་གཞི་དེ་བོད་ཁུལ་གྱི་ཆུ་གློག་འཛུགས་སྐྲུན་ཆེས་མཐོ་ཤོས་དེ་ཡིན་པ་མ་ཟད།  ཆུ་གློག་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་ནས་ས་གནས་དེའི་ནགས་ཚལ་མང་པོ་ཞིག་ཆུ་ལ་འཐིམ་ཡོད་མ་ཟད། ཆུ་ལོག་དང་ས་ཉིལ་སོགས་ཀྱི་རང་བྱུང་གི་འཇིགས་པ་མང་པོ་ཞིག་ཀྱང་སྐྲུན་ཡོད་པར་ངོ་སྤྲོད་ཀྱིས། རྒྱ་ནག་གིས། ས་གནས་བོད་མི་རྣམས་ཀྱི་བདེ་དོན་གྱི་ཆེད་དུ་འཛུགས་སྐྲུན་གྱི་ལས་གཞི་མང་པོ་ཞིག་གཉེར་བཞིན་ཡོད་པར་བསྒྲགས་ཡོད་ནའང་། བོད་ཁུལ་གྱི་ཆུ་གློག་འཛུགས་སྐྲུནག་གི་གློག་ཤུགས་མང་པོ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་འབོར་འདྲེན་བྱེད་ཀྱི་ཡོད་པ་ངོ་སྤྲོད་གནང་སོང་།

གཞི་རྩའི་རྒྱ་ནག་གིས་གནས་ཚུལ་སྤེལ་བ་ལྟར་ན། གློག་ཁང་གསར་རྒྱག་གི་ལས་གཞི་དེ་སྤྱི་ལོ་ ༢༠༡༤ ལོར་སྲིད་གཞུང་གི་ཆོག་མཆན་གྱི་འོག་འགོ་བཙུགས་ཏེ། སྤྱི་ལོ་ ༢༠༢༡ ལོར་དངོས་སུ་ལས་གཞི་དེ་ལེགས་འགྲུབ་བྱུང་རྒྱ་ཡིན་སྐོར་འཁོད་ཡོད་ནའང་།  ཉག་ཆུ་ས་ཁུལ་གྱི་མི་མང་གིས་བརྗོད་པ་ལྟར་ན། ལས་གཞི་དེ་ནི་སྤྱི་ལོ ༢༠༠༥ ནས་བཟུང་འགོ་འཛུགས་བྱས་ཟིན་པ་ཞིག་ཡིན་སྐོར་གསལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།