དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་ ༡༢ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་བཀའ་ཟུར་འཕགས་པ་ཚེ་རིང་ལགས་རྣམ་གཉིས་ཁྲིམས་ཞིབ་པ་གཞན། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་ལགས་སྤྱི་ཁབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བྱུང་སོང་།
དེ་ཡང་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་ལགས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༩ ནས་བགྲེས་ཡོལ་དུ་ཕེབས་པ་དང་འབྲེལ། ད་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པར་ལྷག་ཡོད་པའི་ཁྲོད། དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་ ༡༢ པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་དགོངས་དོན་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་མཆོག སྲིད་སྐྱོང་མཆོག་བཅས་ངོ་ཡོད་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་འདེམས་སྒྲུག་ཚོགས་ཆུང་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་འོས་གཞིར་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་དང་ས་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བགྲེས་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་གཉིས་ཀྱི་མཚན་འཆར་ཕུལ་གནང་བ་ལྟར་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་སུ་འོས་མི་གཉིས་པོའི་མཚན་དང་ལོ་རྒྱུས་ཡོངས་བསྒྲགས་གནང་རྗེས་ཚོགས་གཙོ་ཚོགས་གཞོན་དབུས་པའི་ཕྱི་འཐུས་ ༤༣ ནས་གསང་བའི་འོས་ཤོག་འཕངས་ཏེ་ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་སུ་འོས་གྲངས་ ༣༡ དང་བཅས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་སོང་།
ཁྲིམས་དྲུང་ཡེ་ཤེས་དབང་མོ་ལགས་ནི་ཕྱི་ལོ་ ༡༩༩༥ ལོའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་དུ་བསྐོ་གཞག་རྗེས་འདས་པའི་ལོ་ངོ་ ༢༩ ཙམ་གྱི་རིང་ཐེག་པ་རིམ་འཛེགས་ཀྱིས་འཕྲོད་བསྟེན་དང་ཕྱི་དྲིལ་དཔལ་འབྱོར་ལས་ཁུངས་བཅས་སུ་དྲུང་ཆེའི་ལས་འགན་བཞེས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༧ པ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དྲུང་གི་ལས་གནས་བཞེས་མུས་ཡིན་པ་རེད། ཁོང་ད་རེས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་བ་དེ་ནི་ལོ་རྒྱུས་ནང་བོད་ཀྱི་བུད་མེད་ཞིག་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བར་བདམས་ཐོན་བྱུང་བ་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

རྩ་བའི་འོས་མི་འདེམས་སྒྲུག་ཚོགས་ཆུང་ནང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་མཆོག་དང་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་བཅས་ཡོད་པ་དང་། ཚོགས་ཆུང་ངོས་ནས་གྲོས་ཚོགས་སུ་གཞན་ཡང་ཁྲིམས་ཞིབ་པ་གཞན་གཉིས་ཀྱི་འོས་མི་ཁག་གཅིག་འཆར་འབུལ་ཞུས་ཡོད་པའི་ཁོངས། ཐོག་མའི་འོས་གཞིར་བོད་མི་མང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་དང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས། དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཤེར་དཔང་ཟུར་པ་ཕུར་བུ་རྡོ་རྗེ་ལགས་གསུམ་གྱི་མཚན་འཆར་ཕུལ་བ་ལྟར། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་སུ་འོས་གྲངས་ ༢༥ ཐོབ་པ་དང་འབྲེལ་ཁོང་ཁྲིམས་ཞིབ་པ་གཞན་གཅིག་ཏུ་བདམས་ཐོན་བྱུང་སོང་།
མ་ཟད་ཁྲིམས་ཞིབ་པ་གཞན་གཅིག་གི་འོས་གཞིར་བཀའ་ཟུར་འཕགས་པ་ཚེ་རིང་ལགས་དང་སྤྱི་ཟུར་རྒྱ་རི་སྐལ་བཟང་ཚེ་དབང་ལགས་གཉིས་ཀྱི་མཚན་འཆར་ཕུལ་བར་བཀའ་ཟུར་འཕགས་པ་ཚེ་རིང་ལགས་སུ་འོས་གྲངས་ ༣༡ ཐོབ་པ་དང་འབྲེལ་ཁྲིམས་ཞིབ་པ་གཞན་གཅིག་ཏུ་འོས་འདེམས་བྱུང་གནང་སོང་།
དེ་བཞིན་སྔ་ལོའི་ཕྱི་ཟླ་ ༨ པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་རང་དབང་ཅན་གྱི་སྡེ་ཚན་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་བསྐོ་བཞག་གནང་བའི་སྐུ་ཞབས་ལྷག་པ་རྒྱལ་མཚན་ལགས་འདི་ལོའི་ཕྱི་ཟླ་ ༢ པའི་ནང་དགོངས་པ་རྫོགས་པ་ལྟར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་བརྒྱད་པའི་དོན་ཚན་ ༩༧ དང་ ༡༠༡ གཞིར་བཟུང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་མཆོག་བཅས་ངོ་ཡོད་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་བའི་འདེམས་སྒྲུག་ཚོགས་ཆུང་ནས་དེ་རིང་གི་གྲོས་ཚོགས་སུ་རྩིས་ཞིབ་སྤྱི་ཁྱབ་པའི་འོས་གཞིར་བོད་མིའི་སྒྲིག་འཛུགས་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་ད་ལྟའི་དྲུང་ཆེ་བཀྲ་ཤིས་སྟོབས་རྒྱལ་ལགས་དང་ཨ་རིར་གནས་སྡོད་རྩིས་ཞིབ་ལས་ཟུར་བསམ་གཏན་ནོར་བུ་ལགས་གཉིས་ཀྱི་མཚན་འཆར་ཕུལ་པར། གྲོས་ཚོགས་འཐུས་མི་རྣམས་ཀྱིས་གསང་བའི་འོས་ཤོག་འཕངས་རྗེས་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་གྲངས་ ༣༢ ཐོབ་སྟེ་ཁོང་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བྱུང་སོང་།

གཞི་རྩའི་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་འདི་ལོའི་ཟླ་ ༡ ཚེས་ ༩ ནས་བགྲེས་ཡོལ་དུ་ཕེབས་པ་ནས་བཟུང་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པའི་གནས་སྟངས་འོག་ལྷུང་ཡོད་པ་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༣ པའི་ནང་གསལ་བའི་འོས་ཆོས་ཡོངས་སུ་ཚང་བའི་ཁྲིམས་ཞིབ་པ་ཆེ་བའི་འོས་མི་མ་རག་པའི་གནས་སྟངས་སྔ་རྗེས་ཁྲོད། གྲོས་ཚོགས་སུ་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་གཉིས་ཀའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པའི་འོས་ཆོས་དང་འབྲེལ་བསྐྱར་བཅོས་ཁྲིམས་འཆར་རིམ་པ་བསྣམས་རྗེས། སྔ་ལོའི་ཕྱི་ཟླ་ ༩ པ་སྟེ་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༨ པའི་ལས་ཉིན་མཐའ་མའི་ཐོག་བསྐྱར་བཅོས་ཁྲིམས་འཆར་དྲུག་པ་དེ་ཕེབས་སྐབས་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ལས་བརྒལ་ཏེ་སྤྱི་འཐུས་ཁྱོན་ ༣༥ ཡིས་ཚད་མཐོའི་རྒྱབ་སྐྱོར་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་དེ་བཞིན་ཁྲིམས་ཞིབ་པའི་རྣམ་པའི་ལས་རྒྱུན་དང་འབྲེལ་བའི་བསྐྱར་བཅོས་ཁྲིམས་འཆར་དེ་གཏན་འབེབས་ཐུབ་པ་དང་སྦྲགས། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚིག་བརྗོད་གསར་པའི་ཐོག་ནས་ཐེངས་འདིར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀ་འོས་འདེམས་ཐུབ་པ་ཞིག་ཆགས་ཡོད།




