བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནས་ལོ་འཁོར་མོ་བྱམས་བརྩེའི་ལོ་སྲུང་བརྩི་དང་འབྲེལ་འཛམ་གླིང་ཡུལ་གྲུ་གང་སར་༸རྒྱལ་བའི་གོ་སྟོན་སྲུང་བརྩི་ཞུས་དང་ཞུ་བཞིན་ཡོད་པའི་ཁྲོད། ཁེ་ན་ཌ་ཊོ་རོན་ཊོ་མངའ་སྡེའི་ནང་དུ་ཡལ་དེ་གའི་གྲོས་ཚོགས་འཐུས་མི་དང་མངའ་སྡེའི་གྲོས་ཚོགས་འཐུས་མི་དེ་བཞིན་བོད་མི་ཕོན་ཆེན་འདུ་འཛོམས་ཀྱིས་༸རྒྱལ་བའི་གོ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་གནང་འདུག

དེ་ཡང་ཟླ་བ་འདིའི་ཚེས་ ༢༤ ཉིན་༸རྒྱལ་བའི་གོ་སྟོན་གྱི་བྱམས་བརྩེ་ལོ་སྲུང་བརྩི་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་བཀོད་ཁྱབ་དང་། བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༣ པའི་ཐོག་སྤྱི་མོས་གྲོས་ཆོད་དགོངས་དོན་ལྟར། ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པ་དང་གངས་ལྗོངས་ཆོས་ལྡན་གླིང་གཙོས་པའི་ཊོ་རོན་ཊོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། ཨོན་ཊེ་རི་ཡོ་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས། ཁེ་ན་ཌ་མདོ་ཁམས་ཆུ་བཞི་སྒང་དྲུག ཨོན་ཊེ་ར་ཡོ་མདོ་སྨད་ཆོལ་ཁ། ཨོན་ཊེ་རི་ཡོ་དབུས་གཙང་ཆོལ་ཁ། དེ་བཞིན་ཊོ་རོན་ཊོ་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་རུབ་ཀྱིས་ཨོན་ཊེ་རི་ཡོ་མངའ་སྡེའི་ Sankofa Square སེན་ཀོ་ཧྥ་ཁྲོམས་གཞུང་དུ་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ James Maloney ཇེམ་སི་མེ་ལོ་ནི་ལགས་དང་དམིགས་བསལ་སྐུ་མགྲོན་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་ Alexa Gilmour ཨེ་ལེཀ་སཱ་གིལ་མོར་ལགས། ར་སྟོད་མཁན་ཟུར་དགེ་བཤེས་ཐུབ་བསྟན་ལྷུན་གྲུབ་ Ven. Nicholas Vreeland ལགས། ཁེ་ན་ཌའི་དྲན་པ་ཉེར་བཞག་དང་བཟང་སྤྱོད་ཚོགས་པ་གསར་འཛུགས་གནང་མཁན་གནས་བརྟན་སཱ་རཱ་ནཱ་པཱ་ལཱ་ Bhante Saranapala ལགས། ས་སྐྱ་ཆོས་གླིང་ཆོས་ཚགས་ཀྱི་འགན་འཛིན་མཁན་པོ་ཀུན་དགའ་ཤེས་རབ་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཨོན་ཊེ་རི་ཡོ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་བུ་ཁྲིད་དཀར་པོ་ཆེ་ལགས། ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་ལྟ་གྲུབ་སྡེ་ཚན་གྱི་ཉམས་ཞིབ་པ་ Amber Marie Moore ཨེམ་བེར་མ་རི་མོ་རི་ལགས། དེ་བཞིན་ས་གནས་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བོད་མི་སོགས་མི་གྲངས་བརྒྱ་ཕྲག་བརྒལ་བ་ནས་ལྷན་ཞུགས་གནང་འདུག

སྐབས་དེར་ཨོན་ཊེ་རི་ཡོ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བདེ་སྐྱིད་ཤུགས་ལྭ་ལགས་ཀྱིས། དེ་རིང་འདིར་འདུ་འཛོམས་བྱུང་བ་དེ་ནི་སྙིང་རྗེ་དང་ཤེས་རབ། ཀུན་ཁྱབ་འགན་ཁྲི་ཡི་རང་གཟུགས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་མཚོན་ཆེད་དུ་ཡིན་སྐོར་དང་འབྲེལ། ༸གོང་ས་མཆོག་གི་སྐུ་ཚེ་ལོ་རྒྱུས་དང་ཐུགས་བསྐྱེན་དམ་བཅའ་དྲན་གསོ། ལྷག་པར་དུ་ད་ལྟའི་ཆར་༸རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་བགྲེས་པོར་ཕེབས་ཡོད་སྟབས། ཚོགས་པ་སྒྲིག་འཛུགས་ཁག་གི་ལས་རིམ་དང་ཐུན་མོང་གི་གོ་ཡུལ་སོགས་ཀྱི་བརྒྱུད་ནས་མགོན་པོ་༸གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་རྒྱ་ཁྱབ་ཏུ་སྤེལ་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་གསུངས་འདུག དེ་བཞིན་འདིར་སྤྱི་ཚོགས་བར་གྱི་འཛོམས་བྱུང་བ་དེ་ནི་ཆབ་སྲིད་སོགས་ཀྱི་གནད་དོན་མིན་པར་ཐུན་མོང་གི་རིན་ཐང་དང་མཉམ་མཐུན་གྱི་དགོས་འདུན་ལས་བྱུང་བ་ཞིག་ཡིན་པར། དོན་ཕན་ལྡན་པའི་༸རྒྱལ་བའི་གོ་སྟོན་སྲུང་བརྩི་ནི་༸རྒྱལ་བའི་བཀའ་དགོངས་བཞིན་གྲུབ་རྒྱུ་དེ་ཡིན་པ་སོགས་གསུངས་འདུག

དེ་བཞིན་སྐུ་མགྲོན་གཙོ་བོ་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་ཡུལ་དེ་གའི་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ James Maloney ཇེམ་སི་མེ་ལོ་ནི་ལགས་ཀྱིས་གསུང་བཤད་གནང་བའི་ཁྲོད། ༸གོང་ས་མཆོག་ནི་བྱམས་སྙིང་རྗེའི་རང་གཟུགས་ཡིན་ཞིང་། ཞི་བདེ་དང་གྲོས་མོལ། བསམ་ཤེས་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་མཛད་མཁན་ཞིག་ཡིན་པ་རེད་ཅེས་ཆེ་བསྟོད་དང་ཆབས་ཅིག མི་རབས་མང་པོར་ཉིན་ལྟར་བྱམས་བརྩེ་ཉམས་ལེན་བྱས་ཚེ་ཕན་ཐོགས་ཇི་ཡོད་ཐད་ལམ་སྟོན་མཛད་ཡོད་པ་མ་ཟད། རང་དབང་འཐབ་རྩོད་ལ་མིག་དཔེ་འཇོག་གནང་མཛད་ཡོད་པ་ནན་བརྗོད་གནང་འདུག ལྷག་པར་༸གོང་ས་མཆོག་གི་སྐུ་ཚེའི་ནང་སྐུ་ངལ་དུ་མ་ཕྲད་ཡོད་ཀྱང་དེར་བྱམས་པ་དང་སྙིང་རྗེའི་བརྒྱུད་ནས་གདོང་ལེན་མཛད་པ་དང་། དཀའ་ངལ་ཇི་འདྲ་ཡིན་ཡང་གྲོས་མོལ་གྱི་ལམ་ནས་སེལ་དགོས་རྒྱུའི་ལམ་སྟོན་དེ་དག་ཁོང་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་སེམས་སྐུལ་ཐེབས་པ་ཞིག་བྱུང་སོང་ཞེས་གསུངས་འདུག མ་ཟད་ཁེ་ན་ཌའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྟོན་བྱམས་བརྩེའི་ལོ་སྲུང་བརྩིའི་ཞུ་བའི་ལས་རིམ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། ཞི་བདེ། བྱམས་བརྩེ། འཚེ་བ་མེད་པའི་ལམ་སྟོན་བཅས་ལ་རྒྱབ་སྐྱོར་དང་། འཛམ་གླིང་གང་སར་གནས་པའི་བོད་མི་རྣམས་ཀྱི་རང་དབང་། སོ་སོ་རང་གི་འཛིན་སྐྱོང་དང་ཆོས་དད་རང་དབང་བཅས་ལ་རྒྱབ་སྐྱོར་ཡོད་པ་སོགས་གསུངས་འདུག

རྩ་བའི་མཛད་སྒོའི་ཐོག་༸རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞི་ངོ་སྤྲོད་སོགས་ཀྱི་ཐོག་ལ་སྐུ་མགྲོན་གཞན་རྣམ་པས་གསུང་བཤད་གནང་ཡོད་པ་དང་། ལས་རིམ་ཁྲོད་༸རྒྱལ་བའི་མཛད་ཆེན་ཁག་ངོ་སྤྲོད་དང་། མགོན་པོ་༸གང་ཉིད་མཆོག་ཀྱིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་ཁག་འགྲེམས་སྟོན། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་ནང་ཆོས། རིག་གཞུང་དང་སྒྱུ་རྩལ་ངོ་སྤྲོད་སོགས་འགྲེམས་སྟོན་གཙོས་པའི་མཛད་རིམ་སྣ་མང་གོ་སྒྲིག་ཞུས་འདུག




