ཁོར་ཡུག་སྲུང་སྐྱོབ་པ་ཀརྨ་བསམ་གྲུབ་ལགས་དང་རྩོམ་པ་པོ་རོང་པོ་དགེ་འདུན་ལྷུན་འགྲུབ་ལགས་གཉིས་གློད་བཀྲོལ་ཐོབ་འདུག

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚོང་པ་གྲགས་ཅན་ཀརྨ་བསམ་གྲུབ་ལགས་མི་ལོ་ ༡༥ འི་བཙོན་འཇུག་རྗེས་ཟླ་བ་འདིའི་ཚེས་ ༡༨ ཉིན་བཙོན་ཁང་ནས་གློད་འགྲོལ་ཐོབ་པ་མ་ཟད། བོད་ནང་གི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱང་ཟླ་བ་འདིའི་ཚེས་ ༩ ཉིན་བཙོན་འགྲོལ་ཐོབ་འདུག

གནས་ཚུལ་ཐོན་ཁག་ལ་གཞིགས་ན་ཀརྨ་བསམ་གྲུབ་ལགས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཞན་པོར་གྱུར་ཡོད་པ་དང་། ད་ལྟའི་འཆར་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཐད་གསལ་ཆ་མེད་པ་དེ་ལྟར་ཡང་། བོད་ནང་གི་རྩོམ་པ་པོ་དང་། སྒྱུ་རྩལ་བ། གཞོན་སྐྱེས་སློབ་མ་ཚོས་རྩོམ་པ་པོ་ཁོང་བཙོན་གྲོལ་ཐོབ་པར་དགའ་ཚོར་གྱི་རྣམ་པ་དྲྭ་ལམ་དུ་བརྒྱུད་བསྒྲགས་བྱེད་བཞིན་འདུག

ད་ལྟ་རང་ལོ་ ༥༦ ལ་སོན་པའི་བོད་གོ་འཇོ་རྫོང་བསམ་འཕེལ་ཡུལ་ཚོ་སྡོམ་པ་གྲོང་རྡལ་ནས་ཡིན་པའི་བོད་པའི་ཚོང་པ་དང་གནའ་རྫས་བདག་གཉེར་བ། ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་ཀརྨ་བསམ་གྲུབ་ལགས་ཀྱིས་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་རང་ཉིད་ཀྱི་བུ་སྤུན་གཉིས་སྐྱོབ་ཆེད་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་པའི་རྒྱུད་རིམ་ཁྲོད་ཐོག་མར་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༣ ཉིན་འཛིན་བཟུང་བཙན་འཁྲིད་ཀྱིས། ཟླ་བ་ཁ་ཤས་རིང་ཤིན་ཅང་པཱ་ཀྲིག་ཟེར་བའི་བཀག་ཉར་ཁང་དུ་འདྲི་རྩད་དང་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་མྱངས་ཡོད་པ་མ་ཟད། ལོ་དེའི་ཕྱི་ཟླ་ ༦ ཚེས་ ༢༤ ཉིན་ཤིན་ཅང་ཡན་ཆི་རྫོང་ཁྲིམས་ཁང་གིས་ཁོང་ལ་དུར་ས་བསྔོགས་ཏེ་གནའ་དངོས་བརྐུ་འཁྱེར་བྱས་ཡོད་པའི་ཉེས་འཛུགས་འོག་ལོ་ ༡༥ རིང་བཙོན་འཇུག་ཁྲིམས་ཆད་དང་། ལོ་ ༥ རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ། དེ་བཞིན་རྒྱ་སྒོར་ཁྲི་གཅིག་ཉེས་ཆད་བཏང་ཡོད་པ་རེད།

སྐབས་དེར་ཁོང་གི་ཁྲིམས་རྩོད་པ་ Pu Zhiqiang པུ་ཀྲི་ཆིང་གིས་བརྗོད་དོན་ལྟར་ན། ཉེན་རྟོག་པས་དཔང་རྟགས་རྫུན་མ་བེད་སྤྱོད་བྱས་ཡོད་པ་མ་ཟད། ཁྲིམས་བཤེར་སྐབས་སྐད་སྒྱུར་འོས་འཚམས་ཤིག་མེད་པ་གསུངས་ཡོད་ཅིང་། ཁོང་ནི་ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་གྱིས་ Philanthropist of the year ལོ་དེའི་གཞན་ཕན་དོན་གཉེར་བ་ཞེས་ཆེ་བསྟོད་བྱས་མྱོང་ཡོད་པ་ཞིག་རེད།

སྤྱིར་ཁོང་གི་སྤུན་མཆེད་རིན་ཆེན་བསམ་གྲུབ་ལགས་དང་འཆི་མེད་རྣམ་རྒྱལ་ལགས་རྣམ་གཉིས་ལ་རྒྱ་གཞུང་གིས་ཕྱི་ལོ་ ༢༠༠༩ ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་དང་འབྲེལ་དོན་མེད་རྒྱལ་ཁབ་བདེ་འཇགས་ལ་གནོད་པའི་ལས་དོན་གཉེར་བའི་ཉེས་མིང་འོག་འཛིན་བཟུང་གིས་རིན་ཆེན་བསམ་གྲུབ་ལགས་སུ་ལོ་ ༥ བཙོན་འཇུག་དང་། འཆི་མེད་རྣམ་རྒྱལ་ལགས་སུ་ལོ་གཅིག་དང་ཕྱེད་རིང་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཙན་བཅུག་བྱས་ཡོད་པ་རེད།

ཁོང་ད་རེས་བཙོན་ཁང་ནས་གློད་འགྲོལ་ཐོབ་པའི་འདྲ་པར་ནང་ཁོང་གི་སྐུ་གཟུགས་གནས་སྟངས་ཞན་པ་དང་མི་གཉིས་ཀྱིས་བསྐྱོར་ནས་འཁྲིད་དགོས་པ་མངོན་རྒྱུ་འདུག

དེ་བཞིན་རོང་བོ་དགེ་འདུན་ལྷུན་གྲུབ་ལགས་ནི་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༢ ཆེས་ ༢ ཉིན། རོང་བོ་དགོན་ཆེན་ནས་འཛིན་བཟུང་གིས་ལོ་གཉིས་ཙམ་དོ་དམ་བཀག་ཉར་བྱས་རྗེས་ཕྱི་ལོ་ ༢༠༢༡ ལོར་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་འཛུགས་འོག་ལོ་བཞིའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ལོ་གཉིས་རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་རེད།

ཁོང་གིས་ལོ་ངོ་ཉི་ཤུ་ལྷག་གི་རིང་སྐྱ་སེར་རིས་མེད་ཀྱི་སློབ་གཉེར་བ་སྟོང་ཕྲག་ཉེ་བར་ཐུན་མོང་རིག་གནས་འཆད་ཁྲིད་གནང་བ་ཡོད་པ་དང་། དྲ་རྒྱའི་བརྒྱུད་ལམ་དར་བ་ནས་བཟུང་དྲ་ལམ་གྱི་ཟིན་བྲིས་པ་རྩེ་ཕུད་དང་སྙན་ངག་པ། དཔྱད་བརྗོད་པ་བཅས་བོད་ཀྱི་ཐུན་མོང་རིག་གནས་ཀྱི་གཞི་རྐང་འཛིན་མཁན་ཞིག་ཡིན་པ་མ་ཟད། ཁོང་ལ་སྔ་ཕྱིར་རྒྱ་གཞུང་གིས་འདྲི་རྩད་དང་བཀག་བསྐྱིལ་ལན་མང་བྱས་མྱོང་ཡོད་པ་རེད་འདུག

རོང་བོ་དགེ་འདུན་ལྷུན་གྲུབ་ལགས་སྤྱི་ལོ་ ༡༩༧༤ ལོར་རེབ་གོང་མདོ་བ་འབྲོག་ནས་སྐྱེས། གྲྭ་པ་བྱས་ཏེ་དར་ཞིང་དགོན་པར་ཞུགས་ཤིང་། རིམ་གྱིས་རེབ་གོང་རོང་བོ་དགོན་ཆེན་དང་། བླ་བྲང་བཀྲ་ཤིས་འཁྱིལ། གསེར་རྟ་བླ་རུང་བཅས་སུ་ཚོགས་ཞུགས་དང་ཟུར་ཞུགས་གང་རུང་གི་ལམ་ནས་སློབ་གཉེར་བྱས། དྲ་མིང་དང་སྨྱུག་མིང་ལ་གཟའ་དང་། དགེ་སྨྱོན། ལྷམ་ཀོག་སོགས་བཀོད་ནས་ད་ལྟའི་བར་དུ་རྩོམ་ཡིག་འབོར་ཆེན་བྲིས་ཏེ། ལོ་རབས་དགུ་བཅུ་ནས་བཟུང་གསར་རྩོམ་དང་རྩོམ་སྒྲིག དཔེ་ཀློག་དང་དཔེ་ཁྲིད་བཅས་ཀྱི་ལས་སུ་ཞུགས་ཡོད་ཅིང་། ཁོང་གིས་རྐང་གླིང་སྐྱ་བོ་དང་། ལྷ་ཆེན་པོའི་སྙན་ངག ཕྲེང་བ་ནག་པོ། མི་ཚེའི་དབྱངས་རྟ། གླེགས་བམ་དཀར་བོ། འཁོར་བ་སོགས་སྙན་ངག་རྐྱང་བའི་དེབ་དྲུག་བཏོན་ཡོད། སྒྲུང་རྩོམ་དང་དཔྱད་རྩོམ་སོགས་རིགས་ཚན་གཞན་གྱི་སྐོར་ལའང་དེབ་འགའ་ཡོད་ཀྱང་ད་དུང་པར་སྐྲུན་བྱ་རྒྱུ་ལྷག་ཡོད་པ་མ་ཟད། ཁོང་གི་བརྩམས་ཆོས་དག་ལ་བོད་ནང་བྱ་དགའ་ཡང་ཐོབ་མྱོང་ཡོད་པ་རེད་འདུག

གཞི་རྩའི་རྒྱ་གཞུང་གིས་བོད་ནང་གི་ཤེས་ཡོན་ཅན་དང་ཁོར་ཡུག་ལས་འགུལ་བ། དེ་བཞིན་སྤྱི་ཚོག་ནང་ཤུགས་རྐྱེན་ཆེ་བའི་མི་སྣ་རྣམས་མ་ཉེས་ཁ་གཡོག་འོག་རྒྱལ་ཁབ་བརྟན་ལྷིང་དང་བདེ་འཇགས་ལ་གནོད་འཚེ་བྱེད་ཀྱི་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཀག་ཉར་དང་ལོ་མང་རིང་བཙོན་འཇུག་ཁྲིམས་བཅད་བཏང་གི་ཡོད་པ་མ་ཟད། བཙོན་འཇུག་སྐབས་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་རྐྱེན་ཆབ་སྲིད་བཙོན་པ་མང་པོ་ཞིག་བཙོན་གྲོལ་ཐོབ་པའི་རྗེས་སུ་གཟུགས་གཞི་གནས་སྟངས་ཧ་ཅང་ཞན་པོར་གྱུར་ཏེ་ཁག་ཅིག་རྐྱེན་འདས་སུ་སོང་བའི་གནས་སྟངས་ཡང་མང་པོ་བྱུང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།