Tibetan Royal Year of 2151 | Year of the Wood Dragon

གཞུང་ཚབ་པ་ Eric Garcetti ལགས་ཀྱིས་བོད་མིའི་རྒྱབ་ཏུ་ཨ་མི་རི་ཀའི་ལངས་ཕྱོགས་བརྟན་པོ་ཡིན་གསུངས་སོང་།

Tibetan News Headlines

  • Tibet and Himalayas: In conversation with two PhD students

རེས་གཟའ་ཉི་མ། ༢༠༢༤།༠༩།༡༥

  • བོད་དང་ཧི་མཱ་ལ་ཡ། འབུམ་རམས་པའི་སློབ་མ་གཉིས་དང་གླེང་མོལ།

ཁ་སང་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམིགས་བསལ་སྐུ་མགྲོན་ཁག་གཅིག་ལ་དགོང་དྲོའི་གསོལ་སྟོན་དང་བོད་མིའི་རིག་གཞུང་གི་གཞས་སྣ་གཟིགས་འབུལ་བཅས་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་ལྟར་སྐབས་དེར་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་སྐུ་ཞབས་ Eric Garcetti ལགས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་ཙམ་མ་ཟད།  མི་རིགས་ཀྱི་འཚེ་མེད་ལེགས་བྱང་བཅས་ལ་བསྔགས་བརྗོད་གནང་སྟེ།   ཨ་མི་རི་ཀའི་སྲིད་གཞུང་གི་ངོས་ནས་བོད་མིའི་ངོ་བོ་སྲུང་སྐྱོབ་ཐོག་ལངས་ཕྱོགས་བརྟན་པོ་རེད་ཅེས་གསུངས་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཁ་སང་ནས་དབུ་འཛུགས་གནང་བའི་ Spirit Of Tibet ཞེས་པའི་བོད་ཀྱི་དུས་སྟོན་ཐོག་ཁ་སང་ཕྱི་དྲོ་ཨ་མི་རི་ཀའི་གཞུང་ཚབ་ཀྱིས་གཙོས་པའི་གཞན་ཡང་རྒྱ་གར་གྱི་གྲོས་ཚོགས་ཚོགས་མི་དང་།   རྒྱལ་ས་ལྡི་ལིའི་ནང་ཡོད་པའི་འབྲེལ་ཡོད་བོད་དོན་རྒྱབ་སྐྱོར་བའི་གནད་ཡོད་དཔོན་རིགས་སོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་འབྱེད་ཀྱི་གསོལ་སྟོན་དང་རིག་གཞུང་གཞས་སྣ་གཟིགས་འབུལ་སོགས་ཀྱི་དམིགས་བསལ་མཛད་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་ལྟར།   སྐབས་དེར་རྒྱལ་ས་ལྡི་ལིའི་ཨ་མི་རི་ཀའི་གཞུང་ཚབ་སྐུ་ཞབས་ Eric Garcetti ལགས་ནས་ཨ་རི་དང་རྒྱ་གར་དབར་གྱི་སྲ་བརྟན་ཡོད་པའི་འབྲེལ་ལམ་དང་ལྷག་པར་རྒྱ་གར་གཞུང་གི་ངོས་ནས་བཙན་བྱོལ་བོད་མི་ཚོར་ཐུགས་རྒྱ་ཡངས་པོའི་ཐོག་ནས་མགྲོན་བདག་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་།   ཁོང་སྐུ་སྒེར་ལ་ཆུང་དུས་ནས་ནང་པའི་ཆོས་ལ་དམིགས་བསལ་གྱི་དོ་སྣང་ཆེན་པོ་ཡོད་སྐོར་སོགས་གསུངས་འདུག

མ་ཟད་སྐབས་བསྟུན་ཨ་མི་རི་ཀའི་ USAID རོགས་ཚོགས་དང་ཕྱི་འབྲེལ་ཚན་པ་ཁག་ནས་བོད་ཀྱི་དུས་སྟོན་དེར་གང་ཅིའི་མཐུན་འགྱུར་གནང་བར་རྗེས་སུ་ཡིད་རང་ཞུས་པ་དང་སྦྲགས།  བོད་ཀྱི་ནང་པའི་ཆོས་དང་རིག་གཞུང་བཅས་ནི་བོད་མི་ཁོ་ནའི་སྤྱི་ནོར་ཙམ་མིན་པར་འགྲོ་བ་ཀུན་གྱི་འཚོ་གནས་དང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས།  ང་ཚོ་ཚང་མར་རིག་གཞུང་དེ་སྲུང་སྐྱོབ་བྱེད་རྒྱུའི་ལས་འགན་ཡོད་པ་གསུངས་ཏེ།   ཨ་མི་རི་ཀའི་གཞུང་གི་ངོས་ནས་བོད་མིར་རྒྱབ་སྐྱོར་གནང་རྒྱུའི་ལངས་ཕྱོགས་དེ་སྲ་བརྟན་ཡིན་པ་དང་།   དེ་ཡང་བོད་མིའི་ཆོས་དང་རིག་གཞུང་ཙམ་ལ་རྒྱབ་སྐྱོར་ཞུས་པ་མ་ཡིན་པར།  བོད་མི་ཚོར་དཀའ་སྡུག་དེ་ཙམ་འཕྲད་ཡོད་མིན་ལ་ལྟོས་མེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལྟར།  འཚེ་མེད་ཞི་བདེ་དང་སྙིང་རྗེའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོ་ཡོད་པ་དེ་རིན་ཐང་ཤིན་ཏུ་ནས་ཆེན་པོ་ཡིན་སྐོར་སོགས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།