གཞོན་སྐྱེས་དང་སྤྱི་འཐུས་དབར་མང་གཙོའི་ནང་གཞོན་སྐྱེས་ཀྱི་འགན་འཁྲི་དང་མཉམ་ཞུགས་སྐོར་གླེང་བ།

Tibetan News Headlines

  • Art & Culture: In Conversation with Tibetan Actor, Musician and Producer Tsering Dorjee Bawa

ཪེས་གཟའ་ཉི་མ། ༢༠༢༦།༡༡།༠༨

  • སྒྱུ་རྩལ་བ་ཚེ་རིང་འབའ་བ་ལགས་དང་གླེང་མོལ།

དེ་ཡང་རྒྱལ་ཡོངས་མང་གཙོ་ལྟེ་གནས་ཁང་གིས་གོ་སྒྲིག་འོག་བཞུགས་སྒར་དུ་ཟླ་བ་སྔོན་མའི་ཚེས་ ༣༠ ནས་འགོ་འཛུགས་ཀྱིས་བོད་རིགས་ན་གཞོན་འདུ་འཛོམས་ཚོགས་ཡོད་པ་ལྟར། ཟླ་བ་འདིའི་ཚེས་ ༥ སྟེ་ཉིན་མཐའ་མའི་ཚོགས་ཐུན་གཉིས་པར་བོད་མིའི་མང་གཙོའི་ནང་གཞོན་སྐྱེས་ཀྱི་འགན་འཁྲི་དང་མཉམ་ཞུགས་ཞེས་པའི་བརྗོད་གཞི་ཐོག་བོད་མི་མང་སྤྱི་འཐུས་རྒན་པ་དབུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་པདྨ་མཚོ་ལགས། དེ་བཞིན་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་བཅས་གསུམ་གདན་ཞུས་ཀྱིས་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སོང་།

Tibetan youth interacts with Tibetan MPs

སྐབས་དེར་སྤྱི་འཐུས་རྣམ་པས་གཞོན་སྐྱེས་ཚོགས་བཅར་བའི་དྲི་བར་བཀའ་ལན་གནང་ཡོད་པའི་ཁྲོད།  གཞོན་སྐྱེས་གཅིག་གིས་མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་མིར་བཞེངས་མཁན་ངོས་ནས་ངེས་པར་རང་ཉིད་ཀྱི་འཆར་སྣང་ཇི་ཡིན་དང་འབྲེལ་བའི་འོས་བསྡུའི་དྲིལ་བསྒྲགས་གནང་ཐུབ་ཚེ་འོས་ཤོག་འཕང་རྒྱུ་གཙོས་ད་ལྟའི་བཙན་བྱོལ་བོད་མིའི་མང་གཙོ་དེ་བཞིན་སྔར་ལས་ཚགས་ཚུད་ཡོང་བར་ཕན་ཐོགས་ཡོང་ངེས་ཡིན་པའི་དགོངས་ཚུལ་བཏོན་སོང་བ་དང་། སྐབས་དེར་སྤྱི་འཐུས་གཡུ་སྒྲོན་ལགས་ཀྱིས། བསམ་ཚུལ་དེ་ཡག་པོ་ཡོད་ཀྱང་ད་ཆ་བོད་མིའི་སྤྱི་ཚོགས་སུ་དེ་ལྟ་བུའི་འོས་བསྡུ་དྲིལ་བསྒྲགས་གནང་རྒྱུའི་གོམ་བཤིས་དེ་མེད་པ་སོང་ཙང་ད་བར་གནང་མེད་པ་འགྲེལ་བརྗོད་དང་སྦྲགས། མང་ཚོགས་ངོས་ནས་མ་འོངས་དེ་ལྟར་གནང་དགོས་པའི་དགོས་འདུན་བཏོན་ཐུབ་ཚེ་དེ་ལ་གཞིགས་པའི་བཀའ་སྤྱི་ངོས་ནས་གནང་སྲིད་པ་རེད་ཅེས་གསུངས་སོང་།

དེའི་བར་ན་གཞོན་སྐྱེས་གཅིག་གིས་ཚོར་ཤུགས་ཆེན་པོས་སྤྱི་འཐུས་གྲོས་ཚོགས་སུ་གནད་དོན་གང་ཞིག་གླེང་སྐབས་སྤྱི་འཐུས་རྣམ་པ་རུ་ཁག་གཉིས་སུ་དབྱེ་ཏེ་དཔུང་སྒྲིག་གནང་བ་དེ་མང་གཙོའི་འགྲོ་ལུགས་ཚད་ལྡན་ཞིག་མིན་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བར། སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་དེ་ནི་གཙོ་བོ་སྤྱི་འཐུས་གྲོས་ཚོགས་ཀྱི་གྲུབ་ཆའི་ཐོག་ནས་བྱུང་བ་ཞིག་དང་དེའི་ནང་གསེས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མིའི་ཐོག་ནས་ཕེབས་ཀྱི་ཡོད་སྟབས། རང་བཞིན་གྱིས་སྡེ་ཚན་སོ་སོར་དབྱེ་ཡི་ཡོད་པ་གསུངས་ཏེ་ཁོང་སྒེར་ངོས་ནས་སྤྱི་འཐུས་ཀྱི་གྲུབ་ཆ་དེ་དཀའ་ངལ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་སོང་བ་དང་། དེ་བཞིན་སྤྱི་འཐུས་པདྨ་མཚོ་ལགས་ཀྱིས་སྐབས་ ༡༧ པའི་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་རྗེས་ཁོང་གཙོས་སྤྱི་འཐུས་ལས་ཐོག་གསར་པ་རྣམས་ལོགས་སུ་འདུ་བསྐོངས་ཀྱིས་མང་ཚོགས་ཀྱི་རེ་བ་ལྟར་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ནང་མ་ཞུགས་པར་དྲང་བདེན་ཐོག་མདུན་བསྐྱོད་གནང་རྒྱུའི་ཁས་ལེན་གནང་ཡོད་ཀྱང་ད་ལྟའི་ཆར་གནས་སྟངས་ཐབས་སྡུག་པོ་ཡོད་པ་འདི་དངོས་ཡོད་གནས་སྟངས་ཡིན་པས་མང་ཚོགས་ངོས་ནས་དཀའ་ངལ་དེ་སེལ་བར་སོ་སོའི་འོས་ཤོག་འཕངས་པའི་འཐུས་མི་དེ་གྲོས་ཚོགས་སུ་སླེབས་ཐུབ་པ་བཟོ་རྒྱུ་ཙམ་མ་ཟད་ལོ་ལྔའི་ལས་ཡུན་རིང་མི་མང་གི་མགྲིན་ཚབ་གནང་བའི་ཐོག་ནས་འགན་གང་འདྲ་བཞེས་དགོས་མིན་ཐད་སྒྲོམ་གཞི་དམིགས་བསལ་བ་ཞིག་བཟོ་ཐུབ་རྒྱུ་ཐད་དགོངས་བཞེས་གནང་ཡག་ཡོད་པ་གསུངས་སོང་།

ལྷག་དོན་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཁོང་སྒེར་ལའང་བོད་མི་མང་སྤྱི་འཐུས་རྣམ་པ་རུ་ཁག་གཉིས་སུ་ཁ་འགྱེས་ཡོད་པའི་ཚོར་སྣང་དེ་བྱུང་གི་ཡོད་པ་དང་དེ་ནི་ཕྱོགས་གཉིས་ཀའི་ནོར་འཁྲུལ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་བ་མ་ཟད། སྤྱིར་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ཚང་མའི་ནང་ཆོལ་ཁ་དང་ཆོས་ལུགས་ཙམ་མིན་པར་ལྟ་བ་ལངས་ཕྱོགས་མི་འདྲ་བའི་རྐྱེན་གྱིས་ཕྱོགས་མང་པོ་ཆགས་ཀྱི་ཡོད་ཀྱང་དེའི་ཁྲོད་གལ་ཆེ་ཤོས་གཅིག་ནི་ཕྱོགས་གང་ཞིག་ལ་ཕེབས་མཁན་གྱི་སྤྱི་འཐུས་དེའི་ངོས་ནས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་བཏང་བའི་ཐོག་ནས་ཐག་གཅོད་གནང་དགོས་གལ་གསུངས་ཏེ། སྤྱི་འཐུས་གཡུ་སྒྲོན་ལགས་ངོས་ནས་ཀྱང་རང་ཉིད་སྤྱི་པའི་འཐུས་མི་ཡིན་པའི་ཀུན་སློང་དེ་གོང་ལ་བཀུར་བའི་ཐོག་ནས་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་གི་ཡོད་པ་དང་སྐབས་རེ་སྤྱི་འཐུས་གཞན་གྱི་རླུང་ཚུབ་དྲག་པོའི་འོག་མ་ཚུད་ཀ་མེད་བྱུང་གི་འདུག་ཞེས་གསུངས་སོང་།

Tibetan youth interacts with Tibetan MPs

དེ་ནས་གཞོན་སྐྱེས་གཅིག་གིས་ད་ལྟའི་སྤྱི་འཐུས་གཞོན་སྐྱེས་གསར་རྙིང་ལ་མ་ལྟོས་པའི་ཚང་མས་སྡིངས་ཆ་དེའི་བརྒྱུད་གཞོན་སྐྱེས་ཀྱི་བསམ་བློ་དང་ལས་དོན་ལ་རྒྱབ་སྐྱོར་གྱིས་ཁོང་རྣམས་ནས་དཀའ་ངལ་ཁག་སེལ་རྒྱུར་ག་རེ་གནང་ཡོད་མེད་བཅར་འདྲི་ཞུས་སྐབས། སྤྱི་འཐུས་གཡུ་སྒྲོན་ལགས་ཀྱིས་ཁོང་སྒེར་ནས་གྲོས་ཚོགས་སམ་ཕྱི་ཕྱོགས་སུ་གཞོན་སྐྱེས་དང་བེུད་ཀྱི་གནད་དོན་ཐོག་རྒྱུན་དུ་ཐུགས་སྣང་གནང་གི་ཡོད་ཅེས་དང་ལྷག་དོན་བོད་མིའི་སྒྲིག་འཛུགས་ཀྱིས་ད་བར་གཞོན་སྐྱེས་ཚོར་ཆེད་དམིགས་ཀྱིས་སྡིངས་ཆ་འདྲ་མིན་བསྐྲུན་ཡོད་པ་དེ་དག་མུ་མཐུད་གནས་རྒྱུ་དང་སྒོས་རང་ཉིད་ཀྱི་ན་གཞོན་ནུས་སྤེལ་ལས་གཞི་ཚོགས་པའི་བརྒྱུད་གཞོན་སྐྱེས་གང་མང་ལ་གོ་སྐབས་དང་སྡིངས་ཆ་བསྐྲུན་ཏེ་གཞོན་སྐྱེས་སྣ་འཛོམས་སྐྱེད་སྲིང་གནང་རྒྱུའི་ཐབས་ཤེས་གནང་བཞིན་ཡོད་པ་གསུངས་སོང་།

ད་རེས་དྲི་བ་འདྲི་ལན་གྱི་ལས་རིམ་དེ་མ་གནང་གོང་སྤྱི་འཐུས་གསུམ་ནས་ཐེངས་འདིའི་བརྗོད་གཞི་དང་འབྲེལ་ནས་གསུང་བཤད་གནང་ཡོད་པ་དང་སྐབས་དེར་སྤྱི་འཐུས་གཡུ་དཀར་ཚང་གཡུ་སྒྲོན་ལགས་དང་སྤྱི་འཐུས་པདྨ་མཚོ་ལགས་རྣམ་གཉིས་ཀྱིས་གཞོན་སྐྱེས་ཚོར་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། གཙོ་བོ་རང་ཉིད་བོད་མི་ཡིན་པ་མ་བརྗེད་པའི་ཐོག་ནས་བོད་པ་ཡིན་ཕྱིན་ཆད་ཆབ་སྲིད་དང་འབྲེལ་བ་ཡོད་པ་ཉག་ཅིག་ཡིན་སྟབས། གཞོན་སྐྱེས་ཚོ་ཁོར་ཡུག་འདྲ་མིན་ནང་འཚར་ལོངས་ཀྱིས་གུ་ཡངས་ཅན་གྱི་བསམ་བློ་ལྡན་པའི་ཐོག་མ་འོངས་སྤྱི་འཐུས་གཙོས་བཙན་བྱོལ་སྤྱི་ཚོགས་ནང་གི་ལས་ཀྱི་སྣེ་མོ་བ་གནང་དགོས་གལ་གསུངས་སོང་བ་མ་ཟད། སྤྱི་འཐུས་པདྨ་མཚོ་ལགས་ཀྱིས། ཁོང་དང་གཞོན་སྐྱེས་ཚོགས་བཅར་བའི་ཁྲོད་མི་ཚེའི་བརྒྱུད་རིམ་ཐོག་ནས་ཧེ་བག་ཡོད་སྲིད་ཀྱང་ངོ་ཚོའི་དབར་ལས་དབང་གཅིག་པ་དང་འགན་གཅིག་པ། མ་འོངས་གཅིག་པ་ཡིན་པའི་ཆ་ནས་རེ་བ་གཙོ་བོ་དེ་༸གོང་ས་མཆོག་དགུང་ལོ་མཐོ་པོར་ཕེབས་བཞིན་པའི་མཚམས་འདིར་ད་ལྟའི་མི་རིགས་ཀྱི་གཞོན་སྐྱེས་ཚོས་དེང་དུས་སློབ་སྦྱོང་འཐུས་ཚང་ཐོབ་ཡོད་པ་དེ་རང་ཉིད་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བེད་སྤྱོད་ཀྱིས་ཞབས་འདེགས་བསྒྲུབ་དགོས་གལ་ཡིན་པའི་ནན་སྐུལ་གནང་སོང་།

དེ་བཞིན་བོད་མི་མང་སྤྱི་འཐུས་རིག་འཛིན་ལྷུན་གྲུབ་ལགས་ཀྱིས་ཁོང་གཞོན་སྐྱེས་ཤིག་ཡིན་པའི་ཆ་ནས་བོད་མིའི་སྤྱི་ཚོགས་སུ་འགན་བཞེས་རྒྱུའི་ཀུན་སློང་ཐོག་ནས་ཐོག་མ་སྐབས་ ༡༧ པའི་སྤྱི་འཐུས་སུ་བཞེངས་ཡིན་སྐོར་གསུངས་པ་དང་འབྲེལ། གཞོན་སྐྱེས་ཚོར་བོད་མི་རིགས་ཀྱི་རྩ་དོན་འཐབ་རྩོད་ཀྱི་འགན་འཁྲི་དམིགས་བསལ་བ་ཞིག་ཡོད་པ་དེ་འདམ་ཁ་མེད་པ་ཞིག་ཡིན་པའི་དྲན་སྐུལ་གནང་སོང་།

རྩ་བའི་ད་རེས་བཞུགས་སྒར་དུ་ཚོགས་པའི་བོད་རིགས་ན་གཞོན་འདུ་འཛོམས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་གདན་འདྲེན་ཞུས་པའི་ཐོག་ནས་གཞོན་སྐྱེས་ཀྱི་དཀའ་ངལ་དང་དགོས་མཁོ་མཁྱེན་རྟོགས་སླད། གཞོན་སྐྱེས་ཀྱི་ངོས་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གནང་ཕྱོགས་ལ་གོ་རྟོགས་ཡོང་ཆེད། དེ་བཞིན་འདིར་འདུ་འཛོམས་གནང་བའི་གཞོན་སྐྱེས་དེ་དག་འགོ་ཁྲིད་གནང་མཁན་ཡིན་སྟབས། ཕན་ཚུན་གོ་བསྡུར་གྱིས་མ་འོངས་པར་མཉམ་རུབ་ཀྱི་ལས་འགུལ་སྤེལ་ཐུབ་ཐབས་བཅས་ལ་དམིགས་པ་ཞིག་ཡིན་པ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།