ཁ་སང་ཕྱི་ཚེས་ ༨ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གསར་འགྱུར་མེ་ལོང་གི་བརྗོད་གཞིའི་ཐོག་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ་དང་སྦྲགས། མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས་བཙན་བྱོལ་ནང་གི་གསར་ཁང་ཁག་ནས་ཕྱོགས་ལྷུང་མེད་པའི་དྲང་བདེན་དང་དངོས་ཡོད་གནས་ཚུལ་སྤེལ་དགོས་པ་དང་ལྷག་པར་ལོ་རྒྱུས་དང་འབྲེལ་བའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཉམས་ཞིབ་གནང་གལ་ཆེ་བ་ཡིན་ཞེས་གསུངས་སོང་།

དེ་ཡང་ཕྱི་ཚེས་ ༦ ནས་ ༨ བར་ཉིན་གྲངས་གསུམ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གསར་འགྱུར་མེ་ལོང་གསར་འཛུགས་གནང་སྟེ་ལོ་ངོ་ ༡༠༠ འཁོར་བའི་དུས་དྲན་སྲུང་བརྩི་དང་བསྟུན་སྐབས་ཉེར་གཉིས་པའི་ས་རཱ་གཞོན་ནུའི་གོ་སྒྲིག་འོག་གསར་འགྱུར་མེ་ལོང་གི་བརྗོད་གཞིའི་ཐོག་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་ ༡༨ པ་འཚོགས་ཡོད་པ་ལྟར། ཁ་སང་མཇུག་སྡོམ་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་དང་དམིགས་བསལ་སྐུ་མགྲོན་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་པར་སྐྲུན་ཚན་པའི་འགན་འཛིན་ཟུར་པ་ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་ཆེད་ཕེབས་ཀྱིས་གསུང་བཤད་གནང་སོང་།
སྐབས་དེར་སྐུ་མགྲོན་གཙོ་བོ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས་ཁོང་ཆུང་དུས་ཀ་སྦུག་ཏུ་སློབ་གྲྭ་འགྲིམ་བཞིན་པའི་སྐབས་ཁུལ་དེའི་མང་ཚོགས་ནས་བྷ་བྷུ་མཐར་ཕྱིན་ལགས་ཀྱི་གསར་འགྱུར་མེ་ལོང་སྤྱོད་བཞིན་པའི་དུས་སྐབས་ཤིག་ཡིན་པ་དང་ལྷག་པར་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་པ་ནས་ཐོག་མར་མ་སུ་རིར་བཞུགས་སྒར་དང་པོ་ཡོད་པའི་སྐབས། ལོ་དེའི་ལོ་མཇུག་ཏུ་མགོན་པོ་༸གང་ཉིད་མཆོག་གིས་ཆེས་ཐོག་མའི་དགོངས་པ་དེ་བོད་ཕྲུག་ཚོར་ཤེས་ཡོན་གྱི་གོ་སྐབས་སྤྲོད་རྒྱུ་དེ་ཡིན་པ་དང་དེའི་ཆེད་སློབ་དེབ་གྲ་སྒྲིག་བྱ་རྒྱུ་དང་དགེ་རྒན་འོས་སྦྱོང་གནང་རྒྱུ། ལྷག་པར་སློབ་དེབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་དེང་དུས་དང་ཕྲུ་གུའི་བསམ་བློའི་གནས་ཚད་དང་མཐུན་པའི་སློབ་དེབ་ཕྱོགས་སྒྲིག་གནང་དགོས་པར་བརྟེན་དེ་ལ་སློབ་སྟོན་པ་བྷ་བྷུ་མཐར་ཕྱིན་ལགས་དང་དེ་སྔའི་གཞུང་ཞབས་ཟུར་པ་ཁག་ཅིག་གདན་ཞུས་ཀྱིས་ལམ་སྟོན་ཞུས་ཡོད་ཅེས་གསུངས་སོང་།

དེ་བཞིན་བློ་བཟང་སྦྱིན་པ་མཆོག་གིས་བོད་ནང་དུ་གསར་འགྱུར་ཡོང་སའི་ཁུངས་གཙོ་བོ་དེ་མཐར་ཕྱིན་བྷ་བྷུའི་གསར་འགྱུར་རེད་ཅེས་དང་དྲུང་ཆེ་མཆོག་ནས་༸གོང་ས་མཆོག་གི་ཞབས་ཕྱི་ཡུན་རིང་པོ་གནང་བའི་རིང་ཐེངས་གཅིག་མགོན་པོ་༸གང་ཉིད་མཆོག་གིས་མཐར་ཕྱིན་བྷ་བྷུའི་རྒྱུད་པ་ཁུ་ནུ་བ་རེད་ཅེས་དང་ཕལ་ཆེར་ཆོས་ལུགས་ཡི་ཤུ་མིན་འགྲོ་དེ་འདྲ་བཀའ་སྩལ་མྱོང་ཡོད་ཀྱང་ཁོ་པ་བོད་པའི་ཐོག་ལ་དོ་སྣང་དང་སེམས་ཁུར་ཆེན་པོ་ཡོད་པ་ཞིག་དང་བོད་པ་ལས་ལྷག་པ་ཡོད་རེད་ཅེས་བཀའ་སྩལ་ལུང་འདྲེན་དང་སྦྲགས། བཙན་བྱོལ་ནང་གི་གསར་ཁང་ཁག་ནས་གསར་འགྱུར་གང་ཞིག་འབྲི་པའི་སྐབས་དེ་དྲང་བདེན་དང་དངོས་ཡོད་གནས་ཚུལ་གཞིར་བཞག་ཐོག་ཇི་མ་ཇི་བཞིན་བཀོད་དགོས་པ་དང་ལྷག་པར་ལོ་རྒྱུས་དང་འབྲེལ་ནས་གནས་ཚུལ་འབྲི་སྐབས་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་ངེས་པར་ཉམས་ཞིབ་གནང་གལ་ཆེ་བ་ཡིན་པ་གསུངས་སོང་།
གསར་འགོད་པས་ས་རཱ་གཞོན་ནུའི་ཚོགས་གཙོ་པདྨ་རྣམ་རྒྱལ་ལགས་སུ་བགྲོ་གླེང་ཚོགས་འདུའི་དགོས་དམིགས་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས། འདི་ལོར་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་བཏོན་ནས་ལོ་བརྒྱ་འཁོར་གྱི་ཡོད་པར་བརྟེན། ཉིན་དང་པོར་གསར་འགྱུར་མེ་ལོང་ལས་འཕྲོས་ཏེ་༸རྒྱལ་བའི་གོ་སྟོན་སྲུང་བརྩི་དང་། ཉིན་གཉིས་པར་གསར་འགྱུར་མེ་ལོང་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ། ཉིན་གསུམ་པར་ད་ལྟའི་བོད་ཡིག་གསར་འགྱུར་སྙན་སྒྲོན་དང་། རྩོམ་འབྲི། བཅར་འདྲི་བཅས་ཀྱི་ཆུ་ཚད་ཡར་རྒྱས་གཏོང་ཕྱོགས་སྐོར་ཡིན་པ་གསུངས་སོང་།
གཞི་རྩའི་འདས་པའི་ཉིན་གསུམ་གྱི་བགྲོ་གླེང་དེའི་ཐོག་གསུང་བཤད་གནང་མཁན་ཁོངས་སུ་བཀའ་སྦུག་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་མཁས་དབང་དར་ཞབས་འཇམ་དཔལ་སྐལ་ལྡན་ལགས་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་རག་རྡོ་བློ་བཟང་བསྟན་འཛིན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་པར་སྐྲུན་ཚན་པའི་འགན་འཛིན་མཁས་དབང་ན་ག་སངས་རྒྱས་བསྟན་དར་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཉན་ཐར་ལགས། དེ་བཞིན་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་བཅས་མཁས་དབང་ཁག་ཅིག་དང་ཞིབ་འཇུག་སློབ་ཐོན་པ། དེ་བཞིན་གསར་ཁང་ཁག་གི་གསར་འགོད་པ་དང་། ཚོགས་བཅར་བ། སློབ་མ་སོགས་ནས་མཉམ་ཞུགས་གནང་ཡོད་འདུག







