དེ་རིང་སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་ཉིན་གཉིས་པའི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་སྐབས། སྤྱི་འཐུས་འགའ་ཞིག་གིས་ཨ་རིའི་རོགས་དངུལ་ཆད་པའི་གནས་ཚུལ་ཐོན་ཕྲལ་བཀའ་ཤག་ནས་དུས་ཐོག་ཛ་དྲག་ཚོགས་འདུ་བསྐོང་མ་ཐུབ་པ་དང་སྲིད་སྐྱོང་མཆོག་ཨ་རིར་དངོས་སུ་ཆེད་ཕེབས་ཀྱིས་ཞུ་སྐུལ་གནང་མ་ཐུབ་པར་ངོས་འཛིན་གནང་གི་ཡོད་པར་གསུངས་སོང་བ་མ་ཟད། གཅོག་ཆའི་གྲོས་འཆར་བསྣམས་ཕེབས་པ་ཁོ་ནའི་ཐབས་ལམ་ཞིག་ཡིན་མིན་གྱི་བཀའ་འདྲི་ནན་མོ་ཕེབས་སོང་།

དེའང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཐོག་སྤྱི་འཐུས་རྣམས་ནས་མུ་མཐུད་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་ལྷུག་པོ་གནང་བའི་ཁྲོད། སྤྱི་འཐུས་རྣམ་པས་ཨ་རིའི་རོགས་དངུལ་ཆད་པའི་གནད་དོན་ཐད་འཛིན་སྐྱོང་གིས་དེ་འབྲེལ་ག་རེ་གནང་མིན་དང་རྩིས་ལོ་གསར་པར་འཆར་གཞི་ག་རེ་བསྣམ་ཕེབས་ཡོད་མེད། ལྷག་པར་གནས་ཚུལ་དེ་ཐོན་ཕྲལ་བཀའ་ཤག་ནས་དུས་ཐོག་གི་ཛ་དྲག་ཚོགས་འདུ་བསྐོང་མ་ཐུབ་པ་མ་ཟད། ཨ་རིར་དངོས་སུ་ཆེད་ཕེབས་ཀྱི་ཐོག་ནས་ཞུ་སྙན་ཕུལ་ཐུབ་མེད་པ་བཅས་ནི་འཐུས་ཤོར་ཤིག་ལ་ངོས་འཛིན་གནང་རོགས་ཞེས་གསུངས་སྐབས། སྲིད་སྐྱོང་མཆོག་གིས་ཨ་རིའི་རོགས་དངུལ་བཀག་བསྐྱིལ་བྱས་པའི་གནས་སྟངས་དང་འགྲོ་གྲོན་ཡོངས་རྫོགས་ཉིན་གྲངས་ ༩༠ ནང་ཚུན་བསྐྱར་ཞིབ་ཐག་གཅོད་མ་བྱུང་བར་གཏོང་མི་ཆོག་པའི་བཀོད་ཁྱབ་དང་འབྲེལ་ནས་ལམ་སྟོན་ཇི་ཕེབས་དང་དེར་འཛིན་སྐྱོང་བཀའ་ཤག་གིས་སྣེ་ཁྲིད་དེ་དཔལ་འབྱོར་ལས་ཁུངས་དང་ཨ་རི་དོན་ཁང་། གཞན་འབྲེལ་ཡོད་བཅས་པས་མཉམ་རུབ་ཐོག་བཀའ་བསྡུར་གྱིས་ཚོགས་འདུ་རིམ་པ་སྔ་རྗེས་ཚོགས་ཡོད་སྐོར་གསུངས་སོང་བ་མ་ཟད། གནས་ཚུལ་དེ་ཐོན་སྐབས་སྲིད་སྐྱོང་མཆོག་ལྷོ་ཕྱོགས་གཞིས་ཆགས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བཞིན་ཡོད་ཀྱང་དེ་འབྲེལ་གནས་ཚུལ་ཇི་ཐོན་ལ་ཉིན་རེ་ཐུགས་སྣང་གིས་འབྲེལ་ཡོད་སོ་སོར་འབྲེལ་གཏུགས་ཞུ་སྐུལ་དང་དུས་ཐོག་བཀོད་ཁྱབ་ལམ་སྟོན་གནང་རྒྱུ་ཐད་ཉིན་གཅིག་ཀྱང་འཐུས་ཤོར་མེད་པར་གནང་ཡོད་ལ་ད་ལྟའང་འབད་བརྩོན་གནང་མུས་ཡིན་ཞེས་གསུངས་སོང་ལ། སྐབས་དེར་སྲིད་སྐྱོང་མཆོག་དངོས་སུ་ཨ་རིར་བཅར་ནས་ཞུ་སྙན་ཕུལ་ན་ཕན་ཐོགས་ཡོད་མེད་ཀྱི་ཐད་འབྲེལ་ཡོད་ལྷན་དུ་བཀའ་བསྡུར་གྱིས་ལམ་སྟོན་གནང་མཁན་གཅིག་ཀྱང་བྱུང་མེད་སྟབས་དངོས་སུ་བཅར་མེད་པ་དང་དགོས་གལ་བྱུང་ཚེ་གང་མགྱོགས་ཕེབས་རྒྱུའི་གྲ་སྒྲིག་ཨང་སར་ཡིན་ཞེས་ལན་འདེབས་གནང་སོང་།
དེའི་ཁྲོད་སྤྱི་འཐུས་ཁག་གཅིག་གིས་ཨ་རི་སྲིད་གཞུང་གིས་རྒྱལ་སྤྱིའི་ཁྱོན་ལ་རོགས་སྐྱོར་གྱི་འགྲོ་གྲོན་ཡོངས་རྫོགས་ཉིན་གྲངས་ ༩༠ ནང་ཚུན་བསྐྱར་ཞིབ་ཀྱིས་མཚམས་འཇོག་གམ་སླར་གསོའི་ཐག་གཅོད་མ་བྱུང་བར་བཀག་བསྐྱིལ་དགོས་པའི་འཛིན་སྐྱོང་བཀོད་ཁྱབ་གནང་བ་དེར་བཀའ་ཤག་གིས་ཕྱི་གསལ་ནང་གསལ་ཐོག་མང་ཚོགས་ཁྲོད་དུས་ཐོག་སྙན་སྒྲོན་ཞུས་པར་བསྔགས་བརྗོད་དང་འབྲེལ་དེ་ནི་འཛིན་སྐྱོང་བཀའ་ཤག་གི་འགན་ཞིག་ཆགས་ཀྱི་ཡོད་པ་གསུངས་སོང་།

དེ་བཞིན་སྔ་དྲོའི་ཚོགས་ཐུན་དེའི་སྐབས་སྤྱི་འཐུས་ཁག་གཅིག་གིས་ད་ལྟའི་བཀའ་ཤག་ནས་རང་ཁ་རང་གསོའི་ཁ་ཕྱོགས་སུ་ཕེབས་རྒྱུར་ཐབས་ལམ་ཇི་ཡོད་ཀྱི་འདྲི་རྩད་དང་འཛིན་སྐྱོང་ལ་དེ་འབྲེལ་འཆར་གཞི་མེད་པར་གཞེན་ལ་སྐུལ་འདེད་གཏོང་རྒྱུ་མེད་སྐོར་གསུངས་ལ་ཁག་གཅིག་གིས་ང་ཚོ་སྐྱབས་བཅོལ་བའི་གནས་བབ་འོག་རང་ཁ་རང་གསོའི་ཐོག་ཕེབས་དཀའ་བ་ཡིན་སྐོར་གསུངས་བ་མ་ཟད། ལ་ལས་གནད་དོན་དེའི་ཐད་ཚང་མའི་ཕྱག་གྲུ་མཉམ་འདེགས་གནང་དགོས་པའི་གཞེན་སྐུལ་གནང་མཁན་ཡང་བྱུང་སོང་།
ལྷག་པར་དེ་རིང་གྲོས་ཚོགས་སུ་རྩིས་ལོ་ ༢༠༢༥ དང་ ༢༦ ལོའི་སྔོན་རྩིས་གཅོག་ཆའི་གྲོས་འཆར་ཁག་གཅིག་བསྣམས་ཕེབས་པར་སྤྱི་འཐུས་གཉིས་ཀྱིས་གཅོག་ཆའི་གྲོས་འཆར་རྣམས་ཐབས་ལམ་ཤིག་ལ་ངོས་འཛིན་གནང་གི་མེད་པས་དེར་ངོས་ལེན་རྩ་བ་ནས་མེད་ཅེས་དང་གཅོག་ཆའི་གྲོས་འཆར་བསྣམས་ཕེབས་ན་འགྲིག་གི་མེད་པ་དང་དེ་ལས་ཐབས་ལམ་གཞན་ཞིག་འཚོལ་དགོས་པའི་དགོངས་ཚུལ་གསུངས་སོང་བ་མ་ཟད། ཁག་གཅིག་གིས་གཅོག་ཆའི་གྲོས་འཆར་དེའི་ཁོངས་སུ་༸རྒྱལ་བའི་༸སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་གཙོས། སྡོད་ཁང་མེད་མཁན་ཆེད་སྡོད་ཁང་གསར་བསྐྲུན་ལས་གཞི་བཅས་ཚུད་ཡོད་པར་ཐུགས་འཚབ་དང་འབྲེལ་ནས། དེ་འབྲེལ་གཅོག་ཆའི་གྲོས་འཆར་ཁག་ཕྱིར་འཐེན་དགོས་པའི་སྐུལ་མ་གནང་སོང་།
སྐབས་དེར་སྲིད་སྐྱོང་མཆོག་གིས་ཨ་རིའི་རོགས་དངུལ་དང་འབྲེལ་ནས་སྤྱི་ཡོངས་གནས་སྟངས་ངོ་སྤྲོད་གནང་བའི་ནང་ཨ་རིའི་རོགས་དངུལ་ནས་ཧིན་སྒོར་ས་ཡ་ ༥oo ཙམ་ཞིག་ཨ་རིའི་ཐེབས་རྩ་བརྒྱུད་བྱུང་བཞིན་ཡོད་པ་དང་དེའི་ནང་ནས་ཧིན་སྒོར་ས་ཡ་ ༣༤༠ མན་ཙམ་ད་ཐེངས་ཀྱི་གྲོས་ཚོགས་སུ་གཅོག་ཆ་ཞུས་དགོས་བྱུང་བ་དེ་དག་ནི་ཕལ་ཆེ་བ་ཞིག་ཚོགས་འདུ་དང་ཟབ་སྦྱོང་རིགས་ཆགས་ཀྱི་ཡོད་པ་མ་གཏོགས་ལས་གཞི་རང་ཉིད་དངོས་སུ་འགྲོ་བར་དངུལ་བཞག་ཡོད་པ་འགྲེལ་བརྗོད་དང་སྦྲགས། རྩིས་ལོ་ ༢༠༢༥ དང་ ༢༦ ལོའི་སྔོན་རྩིས་ནང་འབ་སུ་མ་སྡུད་པ་གང་ཡང་མེད་ཅེས་བཀའ་ལན་གནང་ཡོད།

ཁ་སང་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ངོས་ནས་འཛུགས་བསྐྲུན་ལས་གཞི་དེ་དག་གནས་སྐབས་མཚམས་འཇོག་དགོས་པའི་དགོངས་འཆར་ཕུལ་མཁན་གང་ཙམ་བྱུང་ཡོད་པར་བརྟེན་དེ་རིང་སྤྱི་འཐུས་འགའ་ཤས་ཀྱིས་བགྲོ་གླེང་དེའི་ཐོག་ཆ་ཤས་བཞེས་ཏེ་སྡོད་ཁང་གསར་བསྐྲུན་གྱི་ལས་གཞི་དག་བོད་ནས་གསར་དུ་ཕེབས་མཁན་ཚོར་འཚོ་བའི་དགོས་མཁོ་ཞིག་ཆགས་ཀྱི་ཡོད་སྟབས་དེ་ངེས་པར་དུ་མུ་མཐུད་སྤེལ་དགོས་པ་དང་ཨ་རི་གཞུང་གི་སྐབས་ཐོག་རོགས་དངུལ་ཞིག་ཆད་པར་བརྟེན་དེ་འབྲེལ་ལས་གཞི་རྒྱ་ཆེ་ཁག་མཚམས་འཇོག་གནང་ཚེ་ང་ཚོ་ངོ་ཚ་དགོས་པའི་གནས་སྟངས་སུ་འགྱུར་རྒྱུ་ཡིན་སྐོར་གསུངས་སོང་བ་མ་ཟད། དེ་ལས་དགོས་མཁོ་མ་ཡིན་ཞིང་རྒྱས་སྤྲོས་རིགས་ཀྱི་འཛུགས་བསྐྲུན་དག་ལ་དབྱེ་བསྲེས་དགོས་རྒྱུ་གལ་ཆེན་ཡིན་པ་སོགས་ཀྱི་དགོངས་ཚུལ་ཕུལ་བར་སྲིད་སྐྱོང་མཆོག་གིས་ཨ་རིའི་རོགས་དངུལ་ལ་བརྟེན་རྩིས་ལོ་གསར་པར་འཛུགས་བསྐྲུན་དང་གཞིས་སྤོས་ལས་གཞི་སྤྱི་ཡོངས་ལ་ཁྱད་པར་འགྲོ་ཡག་གང་ཡང་མེད་ཅེས་གསལ་བཤད་གནང་སོང་།
དེ་རིང་ཉིན་རྒྱབ་ཕྱག་ཚོད་ ༤ པ་བར་གནང་བའི་སྡོན་རྩིས་ཐོག་གི་སྤྱི་ཡོངས་བགྲོ་གླེང་དེའི་ཁྲོད་གཞན་ཡང་སྤྱི་འཐུས་ལ་ལས་ཉེ་ཆར་ཨ་རིའི་གཞུང་གིས་རོགས་དངུལ་མཚམས་འཇོག་བྱས་པར་བརྟེན་བོད་མི་རེ་བཟུང་གིས་ཨ་རིའི་གཞུང་མང་གཉིས་ལ་ཟུར་ཟའི་སྐྱོན་བརྗོད་གནང་བ་དེ་དག་ནི་འགྲིག་གི་མེད་པ་དང་བོད་མིའི་ངོས་ནས་དེ་འབྲེལ་དགོས་མེད་ཀྱི་བཀའ་མོལ་རིགས་གནང་རྒྱུར་འཛེམས་ཟོན་དགོས་པའི་སྐུལ་མ་གནང་སོང་ལ་ལྷག་པར་སྲིད་སྐྱོང་མཆོག་གིས་ཀྱང་ད་རེས་ཀྱི་གོ་སྐབས་དེའི་བརྒྱུད་བོད་མི་རྣམས་ལ་བཀའ་མོལ་དེ་རིགས་གནང་རྒྱུ་མེད་པའི་གཞེན་སྐུལ་གནང་སོང་།
རྩ་བའི་དེ་རིང་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་བའི་གནད་དོན་ཁག་ལ་དཔལ་འབྱོར་བཀའ་བློན་མཆོག་དང་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལན་འདེབས་གསལ་བཤད་གནང་རྗེས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཐོག་ཕེབས་ཡོད།




