Tibetan Royal Year of 2151 | Year of the Wood Dragon

ཉེན་ཁའི་གནས་སུ་ལྷུང་བའི་བོད་ཀྱི་ཁོར་ཡུག་ཐོག་མཉམ་ལས་གནང་གལ་ཡིན་པར་གསུངས་འདུག

Tibetan News Headlines

  • Rice planting with Tashi Tobgyal, Mainpat Tibetan Settlement’s Premier Farm Cultivator
  • Saga Dawa by Yangteng Rinpoche

རེས་གཟའ་ཉི་མ། ༢༠༢༤།༠༥།༡༢

  • མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ཞིང་པ་བཀྲིས་སྟོབས་རྒྱལ་ལགས་དང་གླེང་མོལ།
  • ས་ག་ཟླ་བ་ངོ་སྤྲོད།

བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དང་ས་གཤིས་དཔྱད་རིག་མཁས་པ་རྒྱ་རིགས་ Yang Yong ལགས་ཀྱིས་གོ་ལ་སྤྱིའི་ཚ་དྲོད་འཕེལ་བ་དང་གནམ་གཤིས་འགྱུར་ལྡོག་དབང་གིས་བོད་མཐོ་སྒང་གི་ཚ་དྲོད་རྒྱས་པ་དང་བརྟན་འཇགས་འཁྱགས་རོམ་ཉིན་རེ་མ་འདས་པར་གཞུར་བཞིན་པའི་གནས་བབ་སོགས་འགྲེལ་བརྗོད་ཀྱིས་བོད་ཀྱི་ཁོར་ཡུག་སྐྱོབ་ཐབས་གནང་རྒྱུའི་དུས་ལ་བབ་ཡོད་སྐོར་གསུངས་འདུག

ཟླ་བ་འདིའི་ཕྱི་ཚེས་ ༥ ཉིན་ Tibetan Review ཞེས་བོད་གནས་བསྐྱར་ཞིབ་དུས་དེབ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་ Yang Yong  ལགས་ཀྱིས་ Warming shocks the Qinghai-Tibet Plateau ཞེས་པའི་དཔྱད་རྩོམ་ཞིག་སྤེལ་འདུག་པའི་ནང་གནམ་གཤིས་འགྱུར་ལྡོག་དབང་གིས་བོད་མཐོ་སྒང་གི་ཚ་དྲོད་རྒྱས་པ་གཙོ་བོར་གྱུར་པའི་འཁྱགས་རོམ་བཞུར་ཚད་ལྡབ་འགྱུར་ཆགས་ཡོད་སྐོར་དང་བོད་ཀྱི་རྩྭ་ཐང་བྱེ་ཐང་དུ་འགྱུར་བཞིན་ཡོད་སྟབས། དེས་བོད་ཀྱི་མི་འབོར་འཕེལ་རྒྱས་ལ་དོ་ཕོག་ཤུགས་ཆེར་སོང་ཡོད་ཅེས་མངོན་གསལ་གནང་བ་དང་ཆབས་ཅིག ཁོང་གིས་འདས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་ཉམས་ཞིབ་གནང་འབྲས་སུ་བོད་ཀྱི་ཁོར་ཡུག་དང་སྣོད་བཅུད་ཀྱི་ཐུན་མིན་གྱི་ཁྱད་ཆོས་ལས་བོད་དེ་འཛམ་གླིང་གི་སྣེ་མོ་གསུམ་པ་དང་ཆུའི་བང་མཛོད་ཅེས་གསུང་སྲོལ་ཡོད་པ་དེར་དོ་ཕོག་ཆེས་ཆེར་སོང་བ་དངོས་ར་འཕྲོད་ཡོད་པར་མ་ཟད། སླད་མར་ལོ་ཤས་ནང་གནམ་གཤིས་འགྱུར་ལྡོག་དབང་གིས་བོད་ཀྱི་འཁོར་ཡུག་ལ་ཉེན་འཚབ་འགྱུར་ངེས་ཡིན་པའི་ཐུགས་འཚབ་གནང་འདུག

ཁོང་གིས་ཕྱི་ལོ་ ༡༩༨༠ ནས་བཟུང་བོད་ཀྱི་ཁོར་ཡུག་ཐད་ཉམས་ཞིབ་གནང་བའི་གྲུབ་དོན་དུ་བོད་ཀྱི་འཁྱགས་རོམ་བཞུར་ཚད་ལྡབ་འགྱུར་ཆགས་ཡོད་པས་ཡར་ཀླུངས་གཙང་པོ་གཙོས་བོད་ཀྱི་ཆུ་བོའི་གནས་བབ་ལ་ཧ་ཅང་གནོད་སྐྱེལ་ཡོད་པར་འགྲེལ་བརྗོད་དང་སྦྲགས། གལ་ཏེ་དེ་ལྟར་འབྱུང་ཚེ་བོད་ཀྱི་ཆུ་བོ་དག་ལ་བརྟེན་མཁན་ཨེ་ཤ་ཡའི་མི་འབོར་རྣམས་ཀྱི་འཚོ་བར་དོ་ཕོག་འགྲོ་ངེས་དང་འཛམ་གླིང་སྤྱིར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་སྟབས། ང་ཚོས་ངེས་པར་དུ་འཛམ་གླིང་སྤྱིའི་ཁེ་ཕན་སླད་བོད་མཐོ་སྒང་གི་འཁྱགས་རོམ་དང་རི་བོ་སྲུང་སྐྱོབ་གནང་དགོས་ཞེས་གསུངས་འདུག

ལྷག་དོན་སྐུ་ཞབས་ Yang ལགས་ཀྱིས་ད་དུང་ལོ་ཤས་ནས་བཟུང་ཁོང་གིས་བོད་ཀྱི་འཁྱགས་རོམ་ཡོད་སའི་ས་ཁུལ་ཁག་ཏུ་ཉམས་ཞིབ་གནང་བའི་ཁྲོད། ཁུལ་དེ་དག་ལ་སྔར་དང་མི་འདྲ་བ་ཚ་བ་ཧ་ཅང་རྒྱས་ཡོད་པ་དང་ལྷག་པར་ཆར་དུས་སྐབས་སུའང་ཚ་དྲོད་ཆེས་ཆེར་རྒྱས་ཡོད་ཅེས་ཐེར་འདོན་གནང་སྟེ། གཏན་འཇགས་ཀྱི་འཁྱགས་རོམ་བཞུར་ཚད་མྱུར་པོ་ཆགས་ཡོད་པར་གསུངས་འདུག

དོན་རྐྱེན་དེས་བོད་ཀྱི་རྒྱུག་ཆུ་རྣམས་སྐམ་ཉེན་ཡོད་པར་མངོན་གསལ་གྱིས་ཉེན་གནས་སུ་ལྷུང་ཡོད་པའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་གནང་གལ་ཡིན་སྐོར་ནན་པོ་གསུངས་འདུག

དཔྱད་རྩོམ་ནང་ཕྱི་ལོ་ ༢༠༡༩  ལོར་  Chinese Academy of Sciences study ཡིས་གནམ་གཤིས་འགྱུར་ལྡོག་དང་གོ་ལ་སྤྱིའི་ཚ་དྲོད་འཕེལ་བའི་གནད་དོན་ལས་བོད་དེ་ཛ་དྲག་ཤོས་ཁོངས་སུ་མིང་འབོད་གནང་ཡོད་པ་འཁོད་འདུག

རྩ་བའི་རྒྱལ་སྤྱིའི་ཁོར་ཡུག་གནས་སྟངས་དང་འབྲེལ་བའི་གྲངས་ཐོ་ཁག་ལ་གཞིགས་ན། དེང་སྐབས་རྒྱལ་སྤྱིའི་ཁྲོད་ཁོར་ཡུག་སྦག་བཙོག་དང་གནམ་གཤིས་འགྱུར་ལྡོག་ལ་ཧ་ཅང་གནོད་འཚེ་ཆེ་བའི་ Carbon Emmission འམ་དུག་རླུང་ཕྱིར་འདོན་བྱེད་མཁན་ཁོངས་སུ་དུག་རླུང་ཁྱོན་བརྒྱ་ཆ་ ༢༨ དང་འབྲེལ་ནས་རྒྱ་ནག་དེ་ཨང་དང་པོ་ཆགས་ཀྱི་ཡོད་པར་མངོན་གསལ་གནང་ཡོད།

ད་བར་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་མང་པོས། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་གཏེར་ཁ་སྔོག་འདོན་དང་ཆུ་མཛོད་གསར་རྒྱག་སོགས་ཀྱི་ལས་གཞི་རྒྱ་ཆེར་སྤེལ་བཞིན་རྐྱེན་བོད་ཀྱི་རང་བྱུང་ཁོར་ཡུག་ཙམ་མ་ཟད་བོད་ཀྱི་གཤམ་འོག་ཏུ་ཡོད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལའང་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད་སྐོར་གསུངས་ཡོད་པར་མ་ཟད། བོད་མི་གཙོས་བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་རྣམས་ཀྱིས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་བོད་མིའི་ཐོག་དྲག་གནོན་ཤུགས་ཆེར་བྱས་པ་མ་ཚད་པར་བོད་ཀྱི་ ཁོར་ཡུག་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་པའི་ལུང་འདྲེན་གྱིས་རྒྱ་ནག་གཞུང་གིས་གནམ་གཤིས་འགྱུར་ལྡོག་ཐད་ལ་འགན་ལེན་ཚུལ་བཞིན་བྱེད་ཀྱི་མེད་པར་ཆེད་བཏོན་གནང་ཡོད།

འོན་ཀྱང་རྒྱ་གཞུང་གིས་བོད་མི་དང་རྒྱལ་སྤྱིའི་ཁོར་ཡུག་ཉམས་ཞིབ་པ་དང་ལས་འགུལ་བ་རྣམས་ཀྱིས་གསུངས་པར་དང་ལེན་གྱི་རྣམ་པ་གང་ཡང་མེད་པའི་ཁར་བོད་ཀྱི་ཁོར་ཡུག་ལས་འགུལ་བ་ལ་ཆབ་སྲིད་ཀྱི་ནག་ཉེས་འདྲ་མིན་འོག་འཛིན་བཟུང་དང་དམ་བསྒྲགས་སོགས་བྱེད་མུས་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།