Tibetan Royal Year of 2151 | Year of the Wood Dragon

བོད་ལ་དབྱིན་སྐད་ཐོག་ Tibet ཞེས་པའི་ཐ་སྙད་རང་སོར་འཇོག་དགོས་པ་གསུངས་འདུག

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

པེ་ཅིང་དུ་ཚོགས་པའི་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ ༢༠༢༣ ཟེར་བ་དེ་བཞིན་རྒྱ་གཞུང་གི་འཁྱོགས་བཤད་དྲིལ་བསྒྲགས་ཙམ་ཞིག་ཡིན་པ་མངོན་གསལ་དང་འབྲེལ། ཚོགས་འདུའི་འགོ་བྱང་དུ་བོད་ལ་དབྱིན་སྐད་ཐོག་ Xizang  ཟེར་བའི་ཐ་སྙད་བཀོལ་སྤྱོད་བྱས་པར་སྐྱོན་བརྗོད་ཀྱིས་ TIBET ཞེས་ཐ་སྙད་རང་སོར་འཇོག་དགོས་པ་གསུངས་འདུག

ཉེ་སྔོན་ཟླ་བ་འདིའི་ཕྱི་ཚེས་ ༢༣ སྟེ། རྒྱ་ནག་གི་བོད་ཐོག་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་གྱི་བཞག་ཏུ་བཅུག་པའི་ཉིན་མོ་དང་བསྟུན། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ། དུས་རབས་གསར་པ། བོད་ལྗོངས་གསར་པ། རྒྱང་བསྐྱོད་ཀྱི་ལམ་བུ་གསར་པ། སྤུས་ཚད་མཐོ་བའི་བོད་ཀྱི་གོང་འཕེལ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་སྲུང་ལེའུ་གསར་པ་ཟེར་བའི་བརྗོད་གཞིའི་འོག་ཀྲུང་གོའི་བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བ་ཐེངས་ ༧ པ་དེ་ཚོགས་ཡོད་པ་རེད།

ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་གསལ་ལྟར་ན། ཚོགས་འདུ་དེ་གོ་སྒྲིག་བྱེད་མཁན་དང་དེའི་ནང་མཉམ་ཞུགས་བྱེད་མཁན་ཕྱི་ཕྱོགས་ཀྱི་སྐུ་ཚབ་སོགས་མི་གྲངས་ ༡༥༠ ལྷག་ཡོད་པ་དེ་དག་རྒྱ་གཞུང་གི་ཆབ་སྲིད་ལངས་ཕྱོགས་གཅིག་མཐུན་ཤ་སྟག་འཛིན་མཁན་ཡིན་པ་དང་། རྒྱ་ནག་གིས་དེ་སྔ་བཞིན་ཚོགས་བཅར་བ་དེ་དག་ཚོགས་འདུའི་གོང་གཟའ་འཁོར་གཅིག་ཙམ་གྱི་རིང་བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་སྐོར་བསྐྱོད་ལ་ཁྲིད་དེ་བོད་ནང་ཕྱོགས་ཡོངས་ནས་ཡར་རྒྱས་ཀྱི་རྣམ་པ་མངོན་ཐབས་བྱས་ཡོད་པ་རེད་འདུག

ལས་གུལ་ཁང་གིས་གནས་ཚུལ་དེའི་ནང་། རྒྱ་གཞུང་གིས་ཚོགས་འདུ་དེའི་འགོ་བྱང་དུ་དབྱིན་སྐད་ཐོག་བོད་མིང་ TIBET ཞེས་པ་དེ་ Xizang རུ་མངོན་གསལ་དོད་པོས་བཀོལ་སྤྱོད་བྱས་དེ་ཐབས་བྱུས་ལྡན་པའི་ཐོག་མིང་འགྱུར་གྱིས་འཛམ་གླིང་ཕྱི་ལ་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤིག་ཡིན་པ་གསལ་པོར་རྟོགས་ཐུབ་རྒྱུ་ཡིན་སྐོར་འཐེར་འདོན་དང་འབྲེལ། རྒྱ་གཞུང་གི་དྲིལ་བསྒྲགས་ཚན་པས་ཕྱི་ལོ་ ༢༠༢༡ ཟླ་ ༩ པ་ནས་འགོ་བཙུགས་ཏེ་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་ཚང་མའི་ནང་བོད་ལ་དབྱིན་སྐད་ཐོག་ Xizang ཞེས་པའི་ཐ་སྙད་རིམ་བཞིན་བཀོལ་སྤྱོད་བྱས་ཡོད་པ་དང་། རྒྱ་གཞུང་གིས་སྲིད་བྱུས་དེ་དེ་སྔོན་ལག་བསྟར་བྱས་ཡོད་ཀྱང་དེར་ལམ་ལྷོངས་བྱུང་མེད་པ་མངོན་གསལ་གནང་འདུག

མ་ཟད་རྒྱ་གཞུང་གིས་དེ་སྔ་ཤར་ Turkistan ལ་ཤིན་ཅང་ཞེས་རྒྱ་ནག་ཅན་གྱི་ཐ་སྙད་བེད་སྤྱོད་བྱས་རྐྱེན་ད་ཆ་ཡུ་གུར་གྱི་ཐོབ་ཐང་རྩོད་ལེན་པས་འབད་རྩོལ་ལ་ལྟོས་མེད་རྒྱལ་སྤྱིའི་ཚོགས་དེ་ཁག་ནས་ཤིན་ཅང་ཞེས་པའི་ཐ་སྙད་ཡོངས་གྲགས་སུ་བེད་སྤྱོད་བྱས་བཞིན་པ་འགྲེལ་བརྗོད་དང་འབྲེལ། རྒྱ་ནག་གིས་བོད་ཅེས་པའི་ཐ་སྙད་ Xizang དུ་བཙན་འགྱུར་བྱེད་བཞིན་པ་དེའི་འོག་མ་ཚུད་པར། རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་བོད་ལ་བོད་འམ་དབྱིན་སྐད་དུ་ TIBET ཞེས་བརྗོད་སྲོལ་ཡོད་པ་དེ་རང་སོར་འཇོག་དགོས་པའི་ནན་བརྗོད་གནང་འདུག

རྩ་བའི་ཚོགས་འདུ་དེ་ནི་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་ཉི་འོང་གི་གྲོང་ཁྱེར་ Hiroshima ནང་ཚོགས་པའི་ G7 ཞེས་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་རྣམ་པས་སྤེལ་བའི་བསྒྲགས་གཏམ་ནང་རྒྱ་ནག་གིས་བོད་དང་ཤིན་ཅང་། དེ་བཞིན་ཧོང་ཀོང་རྣམས་དངོས་སུ་མིང་འདོན་གནང་སྟེ་རྒྱ་གཞུང་གིས་ཁུལ་དེར་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གི་གནད་དོན་ཐོག་བློ་འཚབ་ཀྱི་རྣམ་པ་མངོན་གསལ་གནང་བའི་རྗེས་ཚོགས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཚོགས་འདུ་དེར་འཚམས་འདྲི་ཡི་གེ་ཞིག་བསྐུར་བའི་ནང་། བོད་འདི་བཞིན་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གསར་པ་ཞིག་ཏུ་གྱུར་དགོས་སྐོར་དང་། བོད་ནང་ཚད་མཐོའི་ཡར་རྒྱས་འཛུགས་བསྐྲུན་བྱ་དགོས་པ། དེ་བཞིན་མི་མང་གི་བདེ་སྐྱིད་ནི་འགྲོ་བ་མིའི་ཐོབ་ཐང་བཟང་ཤོས་དེ་ཡིན་པ་མ་ཟད། ཡར་རྒྱས་ནི་མིའི་འཚོ་གནས་བཟང་དུ་འགྲོ་བའི་གཞི་རྩ་དེ་ཡིན་ཚུལ་སོགས་བཤད་ཡོད།

འདི་ག་རླུང་འཕྲིན་ཁང་ནས་གནས་ཚུལ་དེ་དང་འབྲེལ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་བཀའ་འདྲི་ཞུས་སྐབས་ཁོང་གིས་ཚོགས་འདུ་འདི་ནི་ཕྱི་ལོ་ ༢༠༠༧ ནས་འགོ་བཙུགས་བྱས་པ་ཞིག་ཡིན་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་ཀྱི་སྐྱོན་བརྗོད་ལ་གདོང་ལེན་དང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ། དེ་བཞིན་བོད་ཀྱི་ལོ་རྒྱུས་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་འགན་ལེན་ཡག་ཤོས་མཚོན་ཆེད་དམིགས་པ་ཞིག་ཡིན་པ་དང་ཆབས་ཅིག བོད་ལ་དབྱིན་སྐད་ཐོག་ TIBET ཞེས་པའི་ཐ་སྙད་དེ་རྒྱ་མིང་དུ་ Xizang ཟེར་བ་ལ་བཙན་འགྱུར་བྱེད་བཞིན་ཡོད་པ་དེ་བོད་མི་རིགས་ཀྱི་ལོ་རྒྱུས་ལ་སུབ་ཐབས་དང་བོད་རྒྱ་སྒྱུར་གྱི་སྲིད་བྱུས་ཤིག་ཡིན་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།