དེ་རིང་གྲོས་ཚོགས་སུ་རང་ཁ་རང་གསོ་ཐུབ་རྒྱུར་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་སྤར་ཆ་དགོས་མིན་ཐད་བགྲོ་གླེང་གནང་བ།

Tibetan News Headlines

  • Hokkaido Shimizu Town Delegation Visits Tibet House Japan, Presents First Harvest of the Region for His Holiness the Dalai Lama
  • Tibet Advocacy Group Calls on US to Restore Tibetan Broadcasting Services to Counter Chinese Propaganda and Censorship
  • China-Linked UK Businessman Tried to Hire Ex-Met Detective to Investigate MPs Critical of Beijing
  • Nvidia CEO Jensen Huang Admits Affair with Suspected Chinese Spy; Company Launches Investigation
  • Tibetan Representative Jigme Tsultrim Briefs India’s Minority Commission Chairperson on Tibetan Settlements in South India
  • China Expands Media Influence in Thailand Through Partnerships, Propaganda and Diplomatic Pressure, RSF Reports
  • History Feature: Tsarong Dasang Damdul

ཪེས་གཟའ་ཟླ་བ། ༢༠༢༦།༡༡།༠༩

  • ཉི་ཧོང་གྲོང་སྡེ་ཞིག་གི་སྐུ་ཚབ་ཚོ་ཁག་ནས་ས་གནས་དེའི་ལོ་ཏོག་ཐོན་སྐྱེད་ཐོག་མ་༸གོང་ས་མཆོག་ལ་འབུལ་བཞེས་གནང་འདུག
  • རྒྱ་ནག་གི་འཁྱོག་བཤད་དྲིལ་བསྒྲགས་ལ་གདོང་ལེན་སླད་ཨ་རི་གཞུང་གིས་བོད་སྐད་རླུང་འཕྲིན་ཁང་ལ་རྒྱབ་སྐྱོར་བྱེད་དགོས་གལ་ཡིན་པ་གསུངས་འདུག
  • དབྱིན་ཡུལ་ཚོང་པ་ཞིག་གིས་སོ་མྱུལ་བ་གླ་གཡར་བརྒྱུད་རྒྱ་ནག་གི་ཆེད་དུ་དབྱིན་ཡུལ་གྲོས་ཚོགས་འཐུས་མི་ཁག་གཅིག་ལ་གསང་ཉུལ་བྱས་པ་མངོན་གསལ།
  • Nvidia ཁེ་ལས་ཁང་གི་འགན་འཛིན་གྱིས་དོགས་གཞི་ཅན་གྱི་རྒྱ་རིགས་བུད་མེད་སོ་བ་ཞིག་དང་ནང་འབྲེལ་བྱུང་བའི་ཁས་ལེན་བྱས་རྗེས། ཁེ་ལས་ཁང་གིས་ཁོའི་བྱ་སྤྱོད་ལ་ཞིབ་བཤེར་འགོ་འཛུགས།
  • ལྷོ་སྤྱི་ཡིས་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་དང་མཇལ་འཕྲད་གནང་བ།
  • རྒྱ་གཞུང་གིས་ Thailand ནང་གི་གསར་འགོད་རང་དབང་ལ་དམ་དྲག་ཆེན་པོ་བྱེད་བཞིན་པ་གསལ་སྟོན།
  • བོད་ཀྱི་ལོ་རྒྱུས་ཁྲོད་མི་སྣ་གྲགས་ཅན་ངོ་སྤྲོད། དམག་སྤྱི་ཚ་རོང་ཟླ་བཟང་དགྲ་འདུལ་ལགས་ཀྱི་སྐོར།

དེ་རིང་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་གྲོས་ཚོགས་ནང་སྤྱི་ཡོངས་བགྲོ་གླེང་གནང་སྐབས། སྤྱི་འཐུས་རྣམ་པས་རང་རེའི་སྤྱི་ཚོགས་རང་ཁ་རང་གསོ་ཐུབ་རྒྱུར་འབད་དགོས་པའི་གཞེན་སྐུལ་དང་བོད་མིའི་དྭང་བླངས་དཔྱ་དངུལ་ལག་དེབ་སྤར་ཆ་དགོས་མིན་བཅས་གླེང་གཞི་གཙོ་བོ་གཉིས་ཀྱི་ཐོག་ལ་འདྲི་རྩད་ལྷུག་པོ་གནང་སོང་།

Tibetan Parliamentarians Call for Revisions to Tibetan Voluntary Contributions/Chatrel to Ensure Self-Sufficiency

དེ་ཡང་དེ་རིང་སྔ་དྲོ་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཐོག་མུ་མཐུད་ཕེབས་པ་བཞིན། དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་སྐབས། སྤྱི་འཐུས་མང་པོ་ཞིག་གིས་ད་ཆ་ཨ་རིའི་རོགས་དངུལ་ཆད་པའི་གནས་སྟངས་ཁྲོད་བཀའ་ཤག་ནས་རང་ཁ་རང་གསོའི་ཁ་ཕྱོགས་སུ་ཕེབས་རྒྱུར་ཤུགས་སྣོན་སྔར་ལྷག་བསྐྱོན་པ་དང་དེ་འབྲེལ་ཁོར་ཡུག་ཞིག་བསྐྲུན་དགོས་པ། ལྷག་པར་དེ་ལྟར་ཡོང་བར་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགྲོ་གྲོན་ལ་ཕན་པའི་དགོས་དངུལ་ཡོངས་ཁུངས་གཙོ་བོ་མང་ཚོགས་དང་བླངས་དཔྱ་དངུལ་འབུལ་བབ་ལྡབ་བཅུ་སྤར་ཆ་དགོས་པའི་དགོངས་ཚུལ་བཏོན་མཁན་བྱུང་ལ། ལ་ལས་སྤར་ཆའི་འབོར་དེ་ཧ་ཅང་ཆེ་དྲག་པས་དགོས་གལ་གཟིགས་ཀྱི་མི་འདུག་ཅེས་གསུངས་ཡོད།

དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་སྐབས་དེར་ད་ལྟའི་བཀའ་ཤག་གི་ངོས་ནས་དེ་སྔ་ནས་རང་ཁ་རང་གསོའི་ཁ་ཕྱོགས་སུ་ཕེབས་རྒྱུའི་འཆར་གཞི་ཡོད་པ་ལྟར་མུ་མཐུད་མདུན་སྐྱོད་གནང་བཞིན་ཡོད་པ་དང་དེ་ནི་མཉམ་རུབ་ཀྱི་བསྒྲུབ་དགོས་གལ་ཡིན་པ་བསྐྱར་ནན་གནང་བ་མ་ཟད། དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་དཔྱ་དངུལ་འབུལ་བབ་ལྡབ་བཅུ་སྤར་ཆ་གནང་དགོས་པ་གསུང་མཁན་བྱུང་སོང་བ་དེ་ལྟར་ཡང་དོན་དངོས་སྤར་ཆའི་འབོར་དེ་དག་ཕུལ་མཁན་ག་ཚོད་བྱུང་མིན་ནི་དྲི་བ་ཆེན་པོ་ཞིག་ཡིན་སྟབས་གྲོས་ཚོགས་སུ་ཁ་ཡོད་ལག་ཡོད་ཀྱི་ལག་བསྟར་གནང་འོས་པའི་ཐོག་ལ་དགོངས་བཞེས་གནང་གལ་ཡིན་པའི་གསལ་བཤད་གནང་སོང་།

Tibetan Parliamentarians Call for Revisions to Tibetan Voluntary Contributions/Chatrel to Ensure Self-Sufficiency

རྩ་བའི་བོད་མིའི་དང་བླངས་དཔྱ་དངུལ་ལག་དེབ་དང་འབྲེལ་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་གནས་འཁོད་བོད་རིགས་དཔྱ་དངུལ་འབུལ་བབ་དང་ངེས་ཅན་བསྡུ་དངུལ་སོགས་ནས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་གསུམ་ཙམ་བྱུང་བཞིན་ཡོད་པ་དེ་ལྟར་ཡང་བོད་མིའི་སྒྲིག་འཛུགས་ངོས་ནས་ལོ་གཅིག་ནང་འཛིན་སྐྱོང་འགྲོ་གྲོན་ཆེད་ཨ་སྒོར་ས་ཡ་བཞི་བཅུ་ཙམ་བཀའ་འཁྲོལ་ཞུས་ཀྱི་ཡོད་པ་རེད།

སྤྱི་འཐུས་ཁག་གཅིག་གིས་བཙན་བྱོལ་བའི་གནས་བབ་དང་མཚུངས་པའི་འགྲོ་གྲོན་བསྲི་ཚགས་གནང་རྒྱུའང་འཕྲལ་ཕུགས་ཀྱི་གནས་བབ་ཐོག་ནས་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྟབས། འགྲོ་གྲོན་གཏོང་ཕྱོགས་ཐད་དགོངས་བཞེས་ཡོང་བའི་ཞུ་སྐུལ་གནང་སོང་བ་དང་ཨ་རིའི་རོགས་དངུལ་ཆད་པའི་ཛ་དྲག་གནས་སྟངས་ལ་གདོང་ལེན་གྱིས་ཐེབས་རྩ་ཞིག་ཟུར་འཛུགས་དགོས་གལ། ལྷག་པར་རྩ་དོན་མ་དངུལ་ཞེས་རྩ་དོན་གྱི་དོན་དུ་མང་ཚོགས་ཀྱི་དང་བླངས་ཕྱག་དངུལ་འབུལ་སའི་ལམ་ཁ་ཞིག་བཟོ་སྐྲུན་གནང་ཐུབ་ཚེ་དེས་གཞུང་མང་གཉིས་ཀའི་སེམས་ཉེ་རུ་འགྲོ་རྒྱུ་གཙོས་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་ཡོང་བར་དགེ་མཚན་ཆེན་པོ་གཟིགས་ཀྱི་ཡོད་པ་གསུང་མཁན་བྱུང་སོང་བར་དཔལ་འབྱོར་བཀའ་བློན་མཆོག་གིས་རང་ཉིད་བོད་མི་ཞིག་ཡིན་པའི་ལྷག་བསམ་ཐོག་ནས་གཞན་གྱི་སྐུལ་མ་གཏོང་མི་དགོས་པའི་ཐོག་ནས་བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་སྒྲུབ་རྒྱུ་གལ་ཆེན་ཡིན་པ་དང་དེའི་ཁྲོད་བོད་མི་མི་རེ་ངོ་རེ་ངོས་ནས་བོད་མིའི་སྒྲིག་འཛུགས་ལ་དཔལ་འབྱོར་གྱི་རམ་འདེམས་ཞུ་འདོད་ཡོད་ཚེ་རང་ཉིད་ཀྱི་དངུལ་ཁང་ནང་ཟླ་རེའི་གླ་ཆ་ནས་བརྒྱ་ཆ་ཞིག་ཟུར་དུ་ཉར་ནས་ནམ་ཞིག་ཛ་དྲག་བྱུང་སྐབས་ཕུལ་རྒྱུའི་ལམ་ཁ་ཡོད་པ་གསུངས་སོང་།

ཡང་སྔ་དྲོའི་ཚོགས་ཐུན་དེའི་སྐབས་སྤྱི་འཐུས་གཅིག་གིས་བཀའ་ཤག་ངོས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་མ་འོངས་ཡར་རྒྱས་གཏོང་ཕྱོགས་ཐད་དགོངས་པ་བཞེས་ཀྱི་ཡོད་མེད་འདྲི་རྩད་ནན་པོ་གནང་བར་ལན་འདེབས་ཁྲོད། བཀའ་བློན་མཆོག་གིས་ཚོང་གི་སྡེ་ཚན་གཅིག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བཞག་ནས་ཚགས་ཚུད་ཡོང་མིན་གྱི་དྲི་བའི་ཐོག་དགོངས་པ་བཞེས་དགོས་གལ་གྱི་བཀའ་འགྲེལ་དང་སྦྲགས་ད་ལྟའི་བཀའ་ཤག་ངོས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་བསམ་བློ་དང་སྒྲོམ་གཞི་དག་ནོར་ཡོད་པ་ཞུས་ཀྱི་མེད་ཀྱང་དེའི་འཛིན་སྐྱོང་འགྲོ་སྟངས་དེ་རང་དབང་ཅན་དུ་བཟོ་དགོས་རྒྱུ་གལ་ཆེན་ཡིན་པ་མ་ཟད། དེའི་འགན་འཛིན་ལྷན་ཚོགས་ནང་དུ་མ་རྩ་བདག་པོ་འཛུལ་བཞུགས་གནང་མཁན་བྱུང་ཚེ་དེ་ལ་གཞིགས་པའི་ཐག་གཅོད་ཞིག་ཡོང་རྒྱུ་ཡིན་པ་གསུངས་སོང་།

Tibetan Parliamentarians Call for Revisions to Tibetan Voluntary Contributions/Chatrel to Ensure Self-Sufficiency

མ་ཟད་དེ་རིང་གྲོས་ཚོགས་སུ་དཔལ་འབྱོར་བཀའ་བློན་མཆོག་གིས་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་འབྲེལ་རྩིས་ལོ་ ༢༠༢༥-༢༦ ལོའི་ཟུར་བཀོལ་སྔོན་རྩིས་ནང་བུད་མེད་ནུས་སྟོབས་གོང་སྤེལ་ལས་གཞི་དང་འཚོ་རྟེན་རོགས་སྐྱོར་ལས་གཞི། རྒྱ་གར་གཞུང་གི་ཁྲིམས་སྲུང་ཞིབ་འཇུག་དང་ལམ་སྟོན་སྡེ་ཚན་གྱི་ལས་གཞི་སོགས་རྩིས་འགོ་བཅུའི་ཐོག་ནས་གཅོག་ཆའི་ཧིན་སྒོར་ས་ཡ་ཉི་ཤུ་རྩ་གསུམ་དང་གཉིས་འབུམ་ཁྲི་མེད་དགུ་ལྷག་གི་ཞུས་ཡོད་པ་མ་ཟད། དེའི་ཁོངས་བུད་མེད་ནུས་སྟོབས་གོང་སྤེལ་དང་འབྲེལ་ལས་གཞི་གཉིས་ལ་བཀའ་ཤག་གི་རྒྱབ་གཉེར་ཞུས་པ་ཆ་ཚང་གཅོག་ཆ་ཞུས་ཡོད་པའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་ད་ལྟའི་བཀའ་ཤག་གིས་བཏོན་པའི་གཅོག་ཆའི་གྲོས་འཆར་ཁག་ལ་གཞིགས་ན་བེུད་ནུས་སྟོབས་གོང་སྤེལ་དང་འབྲེལ་ལས་གཞི་ཇི་ཡིན་རོགས་ཚོགས་ཀྱི་དགོས་མཁོ་ཙམ་ཞིག་ལ་རྩིས་པ་མ་གཏོགས་དངོས་ཡོད་བོད་མིའི་སྤྱི་ཚོགས་ལ་དགོས་ངེས་ཤིག་ལ་གཟིགས་ཀྱི་ཡོད་མེད་དྲི་བ་ཞིག་རེད་འདུག་ཅེས་གསུང་མཁན་བྱུང་སོང་ལ། ཡང་ལ་ལས་ད་རེས་འཛིན་སྐྱོང་བཀའ་ཤག་ངོས་ནས་ཨ་རི་རོགས་དངུལ་ཆད་པའི་ཛ་དྲག་གནས་སྟངས་འོག་བུད་མེད་ནུས་སྟོབས་གོང་སྤེལ་ལས་གཞི་ཁག་གཅིག་ལ་གཅོག་ཆ་ཞུས་དགོས་བྱུང་ཡོད་པ་དེ་ལྟར་ཡང་མ་འོངས་དེ་འབྲེལ་ལས་གཞི་གལ་ཆེ་ཁག་ལ་ཡིན་གཅིག་རོགས་ཚོགས་ཀྱི་དགོས་མཁོ་ཙམ་མིན་པར་དུས་ཀྱི་དགོས་མཁོ་དང་དངོས་ཡོད་གནད་དོན་ཞིག་ལ་ངོས་འཛིན་གནང་ཐོག་དེ་དག་ལ་ཐུགས་སྣང་ཡོང་བའི་འབོད་སྐུལ་ཞུས་སོང་།

གཞན་ཡང་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཁྲོད་དཔལ་འབྱོར་ལས་ཁུངས་ཀྱི་མ་དངུལ་གནས་བབ་དང་དབྱར་དགུན་ཚོང་ལས་རོགས་སྐྱོར་ལས་གཞི། དེ་བཞིན་བུན་གཏོང་དངུལ་འབོར་མང་དུ་གཏང་དགོས་གལ་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་ཡོད།

Tibetan Parliamentarians Call for Revisions to Tibetan Voluntary Contributions/Chatrel to Ensure Self-Sufficiency

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཚོགས་ཐེངས་གསུམ་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་གཏན་འབེབས་ཐོག་བཏང་བའི་རྗེས་སུ་ཉིན་རྒྱབ་ཀྱི་ཚོགས་ཐེངས་ཐོག་ཆོས་རིག་དང་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་བསྐྱོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།

Monday 09/11/2026