Tibetan Royal Year of 2151 | Year of the Wood Dragon

Day8

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་དང་པོ། 

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་དང་པོ། 

གྲོས་ཚོགས་ཚོགས་ཐུབ་པར་རེ་བ་རྒྱག་བཞིན་ཡོད་ཅེས་གསུངས་པ།

གྲོས་ཚོགས་ཚོགས་ཐུབ་པར་རེ་བ་རྒྱག་བཞིན་ཡོད་ཅེས་གསུངས་པ།

ཕྱི་དྲིལ་དང་འཕྲོད་བསྟེན་གཉིས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་བ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པའི་ལས་ཉིན་ ༩ པའི་ཐོག་ཕྱི་དྲིལ་ལས་ཁུངས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༡༌༢༢ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་བགྲོ་གླེང་བཅས་གནང་སོང་།ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་རྣམ་པས་ཕྱི་དྲིལ་བཀའ་བློན་མཆོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་རྒྱ་མི་རིགས་ལའང་ངོ་སྤྲོད་གནང་རྒྱུའི་གལ་འགངས་དང། V-Tag ཞེས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ལས་དོན། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་རྒྱལ་སྤྱིའི་གསར་འགོད་པ་མ་ཕེབས་པ་དང་དེའི་ཐོག་ཨ་རི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མ་ཕེབས་པ་བཅས་ཀྱི་རྒྱུ་མཚན་གང་ཡིན་དང་འབྲེལ་བའི་བཀའ་རྩད་གནང་བ་སོགས་ཁྱོན་སྤྱི་འཐུས་བཅུས་བགྲོ་གླེང་ནང་ཆ་ཤས་བཞེས་ཡོད།དེ་རྗེས་ཉིན་རྒྱབ་འཕྲོད་བསྟེན་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་དེའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་ལས་རིམ་ཐོག་ཕེབས་སྐབས་བོད་ཀྱི་སྨན་རྩིས་ཁང་དེ་འགྲོ་ཕན་སྨན་རྩིས་ཁང་ཞེས་མིང་སྒྱུར་གནང་བར་ངོ་རྒོལ་དང་། སྦེང་ལོར་སྨན་གྱི་མཐོ་སློབ་དང་དྷ་ས་སྨན་གྱི་མཐོ་སློབ་གཉིས་པོ་སྲོལ་རྒྱུན་སྨན་ལུགས་ Ayush ཁོངས་སུ་དེབ་སྐྱེལ་གྱི་ལས་རིམ་དང་འབྲེལ། དེ་སྔ་བོད་གཞུང་སྨན་རྩིས་ཁང་གི་ལྷ་རྗེ་མང་པོས་རྒྱ་གར་གྱི་སྲོལ་རྒྱུན་སྨན་ལུགས་ཁོངས་སུ་དེབ་སྐྱེལ་གནང་ན་ཕུགས་ལ་ཕན་ལས་གནོད་ཆེ་བར་ངོས་འཛིན་གནང་མཁན་བྱུང་ཡོད་པ་དང་འབྲེལ་བའི་བཀའ་འདྲི་ཁག་གཅིག་ཞུས་ཡོད།གཞན་ཡང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སྨྱོ་རྫས་ངན་གོམས་ཀྱི་ངལ་བ་དང་སེམས་ཁམས་བདེ་མིན་གྱི་ངལ་འཕྲད་ཅན་གྱི་གྲངས་འབོར་སྐོར་ལ་དོགས་དྲི་ཞུས་པར་མ་ཟད། བོད་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འོག་བོད་མི་རྣམས་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་སྟངས་དང་འབྲེལ་བའི་དགོངས་འཆར་དང་བཀའ་འདྲི་ཁག་གཅིག་ཞུས་ཡོད།

ཤེས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་མཆོག་ལ་སྤྱི་འཐུས་རྣམས་ཀྱིས་བཀའ་རྩད་ནན་པོ་གནང་བ།   

ཁ་སང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཞི་པའི་ལས་ཉིན་བརྒྱད་པའི་ཉིན་རྒྱབ་ཀྱི་ཚོགས་ཐུན་བཞི་པ་དང་ལྔ་པའི་ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་བདེ་སྲུང་ལས་ཁུངས་གཉིས་ཀྱི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་སྤྱི་འཐུས་རྣམས་ཀྱིས་དེར་བགྲོ་གླེང་གིས་ཆ་ཤས་བཞེས་སོང་། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་ཤེས་རིག་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་དང་དེ་འབྲེལ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲི་བ་ཕེབས་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད་པ་རེད།སྐབས་དེར་སྤྱི་འཐུས་རྣམ་པས་ཤེས་རིག་ལས་ཁུངས་ཀྱིས་སློབ་གྲྭའི་ཟས་བཅུད་ཐོག་ཐུགས་སྣང་དང་སློབ་གྲྭར་ཟས་གོས་གནས་མལ་གྱི་དོད་ལ་ཆག་ཡང་། བོད་སྒྲུང་འགྲེམས་སྤེལ་མང་ཙམ་གནང་དགོས་པ། ངག་རྒྱུན་གྱི་གནའ་གཏམ་རྣམས་བདག་སྐྱོང་འགན་འཁུར་དགོས་པ། ད་ཆ་བོད་ཁྱིམ་གྱི་སློབ་གྲྭ་ཁག་གཅིག་གི་འཛིན་ཁང་དང་ཁྱིམ་ཚང་སྟོང་པ་ཆགས་ཡོད་པས་དེ་དག་སློབ་གྲྭ་ཟླ་སྒྲིལ་གནང་སྟེ་བོད་ནས་རྗེས་འབྱོར་བ་ ཚོར་མཁོ་སྤྲོད་གནང་ན་ཧ་ཅང་ལེགས་པོ་ཡོད་པ་དང་། ཕྱི་རྒྱལ་དུ་བོད་སློབ་གསར་འཛུགས་དགོས་པ། དེ་བཞིན་སློབ་གྲྭ་ནང་བཙན་གཡེམ་གྱི་གནད་དོན་བྱུང་ཁག་སོགས་ཀྱི་སྐོར་ལ་བཀའ་འདྲི་དགོངས་སྐོར་གནང་མཁན་བྱུང་ཡོད།དེའི་ཁྲོད་སྤྱི་འཐུས་གཞན་ཞིག་གིས་མ་འོངས་བོད་ཀྱི་སོན་རྩ་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་ལྷག་པར་བོད་ཕྲུག་ཚོར་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་ཚད་ལྡན་དགོས་རྒྱུ་གལ་ཡིན་པར་མ་ཟད། སྒོས་དམིགས་བསལ་བོད་ཡིག་དགེ་རྒན་ཚོར་ཤུགས་རྒྱག་དགོས་པ་དང་གལ་ཏེ་དེ་ལྟར་མ་གནང་ཚེ་སླད་མར་ཉེན་འཕྲད་སྲིད་པས་དགེ་རྒན་རྣམས་སློབ་གྲྭར་མུ་མཐུད་རྒྱུན་གནས་ཐུབ་ཐབས་སུ་ཤེས་རིག་ལས་ཁུངས་ནས་གསོལ་ཕོགས་ངེས་པར་དུ་སྤར་དགོས་སྐོར་གསུངས་པ་དང་། དེར་ཤེས་རིག་བཀའ་བློན་མཆོག་གིས་ད་ཆ་སམ་བྷོ་ཊ་ཁོངས་གཏོགས་ཡོད་པའི་བོད་སློབ་འཛིན་ཚོགས་ནས་རྩིས་བཞེས་པའི་སློབ་གྲྭ་ཚོར་གསོལ་ཕོགས་སྤར་ཆ་གང་ལེགས་གནང་ཡོད་སྐོར་བཀའ་ལན་གནང་སོང་།   དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་ཤེས་རིག་ལས་ཁུངས་ནས་དཔེ་དེབ་དཔར་སྐྲུན་གང་མང་གནང་དགོས་པའི་གནད་འགག་དང་དཔེ་དེབ་རྣམས་དགོན་སྡེ་ཁག་གཙོས་བོད་ཡིག་སློབ་ཁྲིད་གནང་མཁན་ཚོགས་སྒེར་རྣམས་ལ་བརྒྱ་ཆ་ ༧༠ ཙམ་ཆག་ཡང་གནང་བའི་དགོངས་པ་བཞེས་རོགས་ཞེས་ཞུས་སོང་ལ། སྤྱི་འཐུས་ལ་ལས་ད་བར་སློབ་གྲྭ་ག་ཚོད་ཙམ་ཟླ་སྒྲིལ་གནང་ཡོད་མེད་གསལ་ཁ་དང་སློབ་གྲྭ་ཟླ་སྒྲིལ་མ་གནང་གོང་དེ་འབྲེལ་གསལ་བརྡ་ནམ་ཕུལ་ཡོད་མེད། དེ་བཞིན་སློབ་གྲྭ་ཟླ་སྒྲིལ་གནང་ཕྱོགས་གང་འདྲ་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭ་ཟླ་སྒྲིལ་གནང་ཕྱོགས་སྐོར་འགྲེལ་བརྗོད་དང་སྦྲགས། ས་གནས་གཅིག་ནང་གལ་ཏེ་སློབ་གྲྭ་གཅིག་ལས་མེད་ཚེ་དེ་མེད་པ་བཟོ་ཐབས་བྲལ་བར་མ་ཟད་ལྷག་པར་དམའ་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ངེས་པར་དུ་ཕ་མའི་སར་འཇོག་དགོས་གལ་ཡིན་སྐོར་བཀའ་ལན་གནང་སོང་། སྤྱི་འཐུས་གཅིག་གིས་སཱི་ཤེས་ཡོན་སློབ་གསོ་དེ་བོད་ཀྱི་ནང་པའི་གཞུང་ལུགས་ནས་བསྟན་པའི་མིའི་བསམ་བློ་བསྒྱུར་བཅོས་གཏོང་སྟངས་ཀྱི་ཤེས་ཡོན་སློབ་སྦྱོང་དེ་བཞིན་ནུབ་ཕྱོགས་ལ་འཁྱེར་ཏེ་རྣམ་པ་གསར་པ་བཟོས་ཏེ་དེ་ཕྱིར་ང་ཚོའི་སྤྱི་ཚོགས་ནང་སློབ་ཁྲིད་གནང་ཚེ་རན་པོ་ཞིག་ཆགས་ཀྱི་ཡོད་དམ་ཞེས་དགོངས་ཚུལ་ཕུལ་སོང་།དེ་ཉིན་ཤེས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གྲུབ་རྗེས་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བདེ་སྲུང་ལས་ཁུངས་མ་ལག་དང་བཅས་པའི་ཕྱི་ལོ་ ༢༠༢༡་༢༢ ལོའི་ལོ་འཁོར་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་གནང་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཀྱིས་བདེ་སྲུང་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་སྐབས་སྤྱི་འཐུས་རྣམ་པའི་༸གོང་ས་མཆོག་རྒྱ་གར་དུ་༸ཞབས་སོར་བདེ་བར་འཁོད་པ་ནས་བཟུང་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་༸རྒྱལ་བའི་༸སྐུ་ཕྱཱ་འཐུས་ཤོར་མེད་པའི་ཐོག་ལོ་ངོ་བདུན་ཅུར་ཉེ་བར་སྲུང་སྐྱོབ་ཞུས་ཡོད་པས་འབྲེལ་ཡོད་ཚན་པ་དང་བདེ་སྲུང་ལས་ཁུངས་ཀྱི་འགོ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་མཁན་བྱུང་སོང་ལ། དེ་བཞིན་སྤྱི་འཐུས་ཁག་གཅིག་གིས་རྒྱ་གར་ནས་ཕྱིར་སྐྱོད་སྐབས་ཕྱིར་ཐོན་དང་ཕྱིར་ལོག་ཆོག་པའི་བཀའ་འཁྲོལ་ Exit Permit  དང་ Return Visa ཞུ་མི་དགོས་པར་ཕྱིར་སྐྱོད་ཐུབ་ཐབས་སུ་མཐུན་རྐྱེན་བསྐྲུན་ཐུབ་མིན་དང་། དེ་བཞིན་ཆབ་སྲིད་བཙོན་ཟུར་གྱི་གཞིས་སྤོས་ལས་གཞི་དང་འབྲེལ་ཡོད་སྐོར་བཀའ་རྩད་གནང་ཡོད།སྐབས་དེར་བདེ་སྲུང་བཀའ་བློན་མཆོག་གིས་རྒྱ་གར་ནས་ཕྱིར་སྐྱོད་སྐབས་ཐོན་ཆོག་པ་དང་ལོག་ཆོག་པའི་བཀའ་འཁྲོལ་ཞུ་མ་དགོས་པར་བསྐྱོད་འཐུས་བཟོ་ཐབས་དཀའ་གནད་ཡིན་སྐོར་དང་སྦྲགས་དེ་འབྲེལ་གྱི་འགྲོ་སྟངས་འགྲོ་ལུགས་དེ་རྒྱ་གར་གཞུང་གིས་རྒྱལ་ཁབ་གཞན་དང་བསྟུན་ནས་གཏན་འབེབས་གནང་བ་ཞིག་ཡིན་པར་བཀའ་ལན་གནང་སོང་།དེ་བཞིན་ཨོ་གླིང་དུ་ཆབ་སྲིད་བཙོན་ཟུར་གྱི་གཞིས་སྤོས་ལས་གཞི་དང་འབྲེལ་ཏེ་བཀའ་འདྲི་ཞུས་ཁག་ལ་བདེ་སྲུང་བཀའ་བློན་མཆོག་གིས་འབྲེལ་ཆགས་དེ་སྒྲིག་གཞི་དགོངས་དོན་བཞིན་ཆབ་སྲིད་བཙོན་ཟུར་གྱི་བུ་ཕྲུག་དང་ཕ་མ་གཅིག་གི་སྤུན་མཆེད་ལ་ངོས་འཛིན་གནང་དགོས་པ་དང་། ལྷག་པར་ནད་ཡམས་ཀྱི་རྐྱེན་གྱིས་ཨོ་གླིང་ནང་དེ་སྔོན་མི་མང་དག་ཅིག་འགྲོ་མ་ཐུབ་པའི་གནས་སྟངས་བྱུང་ཡོད་ཀྱང་ཕྱིས་སུ་ནད་ཡམས་ཀྱི་གནས་སྟངས་ཇེ་བཟང་དུ་འགྲོ་བའི་སྐབས་མི་གྲངས་ ༡༠༠ ལྷག་ཕེབས་ཐུབ་པ་དང་ལྷག་པར་ད་ལྟའི་ཆར་མི་གྲངས་ ༣༠ ཞིག་ལ་རྒྱན་འཕངས་ཡོད་པ་དང་། སླད་མར་དེ་འབྲེལ་གྱི་གྲངས་ཀ་དེ་འཕར་རྒྱུའི་ཐུགས་རེ་གནང་བཞིན་ཡོད་སྐོར་བཀའ་ལན་གནང་སོང་། བདེ་སྲུང་བཀའ་བློན་མཆོག་གིས་རྒྱ་ནག་གུང་ཁྲན་གྱི་དྲ་ལམ་བརྒྱུད་འཁྱོག་བཤད་དང་དེ་བཞིན་བོད་མིའི་ཆིག་སྒྲིལ་རྩ་གཏོར་གཏོང་ཐབས་བྱེད་བཞིན་པར་ང་ཚོ་ཚང་མས་ཡིད་གཟབ་གནང་དགོས་ཞེས་གཞེལ་སྐུལ་ནན་པོ་གནང་ཡོད། པར་ཁག་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས།

དང་བླངས་དཔྱ་དངུལ་ལག་དེབ་སྤར་བ་ལས་ཚང་མར་ཕུལ་ཐུབ་པ་བཟོ་དགོས་པའི་གཞེན་སྐུལ།

དེ་རིང་གྲོས་ཚོགས་ཀྱི་ཉིན་རྒྱབ་ཚོགས་དུས་ཐོག་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད་གནད་དོན་གཙོ་བོ་གཅིག་དང་བླངས་དཔྱ་དངུལ་ལག་འབུལ་ཕྱོགས་སྐོར་ལ་གླེང་གནང་སོང་།དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ལས་ཉིན་བརྒྱད་པའི་སྔ་དྲོའི་ཚོགས་དུས་ཐོག་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་ཕེབས་རྗེས་ཉིན་རྒྱབ་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་དུས་ཚོད་རྐྱེན་གྱིས་སྤྱི་འཐུས་གསུམ་ལ་མ་གཏོགས་ཆ་ཤས་བཞེས་རྒྱུའི་གོ་སྐབས་གནང་ཐུབ་མེད། སྤྱི་འཐུས་དེ་དག་གི་དོགས་འདྲི་དང་དགོངས་འཆར་ཁག་གཅིག་ཕུལ་བའི་ཁོངས་སུ་ཉེ་ལམ་བཀའ་ཤག་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དང་བླངས་དཔྱ་དངུལ་སྤར་ཆ་གནང་དགོས་མིན་དང་འབྲེལ་བའི་འགེངས་ཤོག་འགེང་བཞིན་པའི་གནད་དོན་གླེང་སློང་དང་འབྲེལ་ཏེ་དང་བླངས་དཔྱ་དངུལ་སྤར་ཆ་གནང་བ་ལས་དཔྱ་ཁྲལ་ཕུལ་མཁན་གྱི་གྲངས་འབོར་མང་དུ་གཏོང་གལ་ཡིན་པ་གསུངས་སོང་། སྲིད་སྐྱོང་མཆོག་གིས་སྐབས་དེར་རྒྱ་གར་ནང་དང་བླངས་དཔྱ་དངུལ་ལག་དེབ་སྤར་དགོས་མིན་གྱི་བཀའ་མོལ་དེ་དེ་སྔའི་གྲོས་ཚོགས་སུ་བསླེབས་ཟིན་པར་བརྟེན་སྤྱི་འཐུས་ལྷན་ཚོགས་སུ་སྙན་སེང་ཞུས་རྗེས་མང་ཚོགས་ཁྲོད་དེ་འབྲེལ་འགེངས་ཤོག་འགེང་བཞིན་ཡོད་སྟབས། གྲོས་ཚོགས་ཀྱི་ངོས་ནས་ལམ་སྟོན་གསལ་པོ་དགོས་པ་གསུངས་སོང་།དེ་བཞིན་སྲིད་སྐྱོང་མཆོག་གིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཁྲོད་ནས་དང་བླངས་དཔྱ་དངུལ་མ་ཕུལ་མཁན་གྱི་གྲངས་འབོར་ཁ་གསལ་མེད་སྐོར་གསུངས་པ་དང་འབྲེལ། བཀའ་ཤག་གི་ངོས་ནས་དང་བླངས་དབྱ་དངུལ་ཕུལ་མཁན་མང་དུ་གཏོང་རྒྱུར་འབད་བརྩོན་གནང་བཞིན་པའི་ཐོག་ད་ཆར་དཔྱ་དངུལ་ཕུལ་མིན་ལ་ལྟོས་མེད་སྔོན་ལ་ཚང་མར་ལག་དེབ་ཕུལ་རྒྱུའི་དགོངས་བཞེས་གནང་བཞིན་ཡོད་པ་གསུངས་ཡོད། སྤྱི་འཐུས་ཤིག་གིས་བཀའ་ཤག་གི་ངོས་ནས་ལྷོ་ཕྱོགས་གཞིས་ཆགས་ལྔའི་ནང་ཕེབས་ནས་ས་གནས་བོད་མི་ཚོའི་དཔྱ་ཁྲལ་ལག་དེབ་དང་འབྲེལ་བའི་ཡིག་ཆའི་དཀའ་ངལ་ཁག་གསལ་ཐབས་ཡོང་བའི་དགོངས་འཆར་ཞུས་པར་སྲིད་སྐྱོང་མཆོག་གིས་གསལ་བཤད་བཀའ་ལན་གནང་སོང་།བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་གནང་སྐབས་གཞན་ཡང་། དཔལ་འབྱོར་ལས་ཁུངས་ནས་འདི་ལོ་བོད་མི་སུད་ཚོང་བ་ཚོར་བུ་ལོན་གཡར་ཕྱོགས་དང་བུ་ལོན་ཇི་ཙམ་གཡར་མིན་སོགས་ཀྱི་བཀའ་འདྲི་ཞུ་མཁན་བྱུང་ཡོད་པར་སྲིད་སྐྱོང་གི་དེ་འབྲེལ་ལན་འདེབས་གསལ་བཤད་གནང་ཡོད་པར་མ་ཟད། དེ་སྔ་བཀའ་ཤག་གི་ངོས་ནས་སུད་ཚོང་བ་ཚོར་རོགས་སྐྱོར་སླད་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་གཉིས་བསྐོ་གཞག་གནང་རྒྱུ་ཞལ་བཞེས་གནང་བ་བཞིན་ད་ལྟའི་ཆར་ལས་བྱེད་གཅིག་བསྐོ་གཞག་ཟིན་དོན་ལྟར་ས་གནས་སུ་ཆེད་གཏོང་གནང་ཡོད་སྐོར་འགྲེལ་བརྗོད་གནང་སོང་།

བོད་ནས་ཕེབས་པའི་རྗེས་འབྱོར་བ་དང་དགོས་མཁོ་ཅན་ཚོར་དམིགས་ཏེ་ས་ཁང་གི་སྒྲིག་གཞི་དོན་ཚན་ཁག་ཅིག་གཏན་འབེབས།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་སྔ་དྲོའི་ཚོགས་དུས་ཐོག་ལ་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཐོག་ཕེབས་སྐབས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་མང་མོས་ཐོག་གཏན་འབེབས་གནང་སོང་བ་དང་། སྐབས་དེར་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྐུ་ཞབས་སྤེན་པ་ཚེ་རིང་མཆོག་ནས་ད་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་ཅིག་བསྐྱར་བཅོས་གནང་རྒྱུའི་དགོས་དམིགས་གཙོ་བོ་ནི་འཛིན་སྐྱོང་ནས་སྒྲིག་གཞི་ཁག་དངོས་སུ་ལག་བསྟར་ཐུབ་ཐབས་དང་། དབུས་བོད་མིའི་ངལ་སེལ་ཚོགས་པར་རྩིས་འབུལ་བྱུང་བའི་ས་ཆ་རྣམས་གཞིས་སྐལ་མ་ཐོབ་པའམ། དགོས་མཁོ་ཅན། ལྷག་པར་དུ་བོད་ནས་ཕེབས་པའི་རྗེས་འབྱོར་བ་དང་མཐའ་མཚམས་སོགས་ཁ་ཐོར་དུ་གནས་པའི་བོད་མི་ཚོར་བགོ་འགྲེམས་ཐུབ་རྒྱུའི་ཆེད་དུ་ཡིན་པ་སོགས་གསུངས་ཡོད།དེ་ཡང་ནང་སྲིད་བཀའ་བློན་མཆོག་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་གཞུང་འབྲེལ་སྒྲིག་གཞིའི་དོན་ཚན་ལྔ་པ་ས་ཞིང་བེད་སྤྱོད་དང་། དོན་ཚན་དྲུག་པ་ས་ཁང་ཚོང་བསྒྱུར་དང་ཕུལ་སྦྱིན། དོན་ཚན་བདུན་པ་ས་ཁང་བོགས་གཡར། དོན་ཚན་བརྒྱད་པ་རྗེས་ཤུལ་ལ་ས་ཁང་བགོ་སྤྲོད། དོན་ཚན་དགུ་པ་གནས་སྐབས་གཞིས་ཐོན། དོན་ཚན་བཅུ་པ་གཏན་འཇགས་གཞིས་ཐོན། དོན་ཚན་བཅུ་གཅིག་ས་ཁང་ཕྱིར་བསྡུ་དང་བགོ་སྤྲོད། དོན་ཚན་བཅུ་གཉིས་ཧམ་ཟོས་དང་རྒྱ་བསྐྱེད། དོན་ཚན་བཅུ་གསུམ་ས་ཁང་བདག་གཅེས། དེ་བཞིན་དོན་ཚན་བཅུ་བཞི་པ་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བཅས་ཁྱོན་དོན་ཚན་བཅུ་དང་འབྲེལ་བའི་ནང་གསེས་དོན་ཚན་ཁག་གི་ཐོག་བསྐྱར་བཅོས་ཁྲིམས་འཆར་བསྣམས་ཕེབས་ཡོད་པ་དང་། སྐབས་དེར་ཁྲིམས་འཆར་དང་འབྲེལ་བའི་བརྗོད་པ་དང་པོའི་ཐོག་ཕེབས་སྐབས་སྤྱི་འཐུས་ཁག་ཅིག་ནས་སྒྲིག་གཞི་འདི་བསྐྱར་བཅོས་གནང་པའི་རྗེས་སུ་ལག་བསྟར་ཐུབ་རྒྱུའི་གདེང་ཚོད་ག་ཚོད་ཡོད་མེད་སོགས་ཀྱི་བཀའ་འདྲི་ཁག་ཅིག་ཕེབས་ཡོད།སྐབས་དེར་ནང་སྲིད་བཀའ་བློན་མཆོག་ནས་བོད་མིའི་སྒྲིག་འཛུགས་ནས་བོད་ནས་ཕེབས་པའི་རྗེས་འབྱོར་བ་ས་ཁང་མེད་མཁན་ ༡༩༩༩ དང་། སྒུག་ཐོའི་ནང་ཡོད་པའི་ཁ་ཐོར་དང་མཐའ་མཚམས་ཁག་ཏུ་ས་ཁང་མེད་པའི་བོད་མི་ཚོར་ས་ཁང་གི་མཐུན་རྐྱེན་བསྐྲུན་ཐབས་སུ་ནང་སྲིད་ལས་ཁུངས་ལ་ས་ཆ་མེད་ན་ལས་གཞི་ལག་བསྟར་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་སྟབས། ད་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་བསྐྱར་བཅོས་སུ་བསྣམས་ཕེབས་པ་ཞིག་ཡིན་ཞེས་གསུངས་ཡོད། དེ་བཞིན་བཀའ་བློན་མཆོག་ནས་ད་ལྟའི་ཆ་ལ་བོད་པའི་གཞིས་ཆགས་རེ་བཟུང་ནང་ལ་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་ལག་བསྟར་བྱེད་ཀྱི་མིན་ཞེས་གསུངས་མཁན་ཡོད་པ་རྣམས་ལ་སྒྲིག་གཞི་འདི་ལག་བསྟར་དགོས་གལ་སྐོར་སྒྲིག་འཛུགས་ནས་འབད་བརྩོན་ཞུ་རྒྱུ་དང་། གལ་སྲིད་སྒྲིག་འཛུགས་ཀྱིས་འབད་བརྩོན་ལྟར་མུ་མཐུད་སྒྲིག་གཞི་ལག་བསྟར་མ་བྱེད་ཚེ་མ་འོངས་པར་རྒྱ་གར་གཞུང་དང་དཀའ་ངལ་རིགས་འཕྲད་སྐབས་བོད་མིའི་སྒྲིག་འཛུགས་ནས་ལྟ་རྟོག་བྱ་རྒྱུ་ཁག་པོ་ཆགས་ཀྱི་རེད་ཅེས་གསུངས་ཡོད། མ་ཟད་སྒྲིག་གཞི་བསྐྱར་བཅོས་ཀྱི་དོན་ཚན་བཅུའི་ནང་ནས་དོན་ཚན་ལྔ་པ་ས་ཞིང་བེད་སྤྱོད་ཞེས་པའི་ཁོངས་སུ་དེ་སྔ་ས་ཁང་ཐོབ་པའི་གཞིས་མིའམ། དེའི་འདོད་གཅིག་ནང་མི་སུ་རུང་གཅིག་ལས་མ་ཉུང་བ་གཞིས་ཁང་སོ་སོའི་ནང་ལོ་རེར་ཉུང་མཐར་ཟླ་གསུམ་གནས་སྡོད་བྱེད་དགོས་སྐོར་འཁོད་པ་དེ། ལོ་གཉིས་རེར་ཉུང་མཐར་ཟླ་བ་གཅིག་གནས་སྡོད་བྱེད་དགོས་སྐོར་དུ་བསྐྱར་བཅོས་དང་། དོན་ཚན་དགུ་པ་གནས་སྐབས་གཞིས་ཐོན་ཞེས་པའི་ཁོངས་སུ་ལོ་གཉིས་རེར་ཉུང་མཐར་ཟླ་བ་གཅིག་གཞིས་ཆགས་དེར་གནས་སྡོད་མ་བྱེད་ཚེ་གཏན་འཇགས་གཞིས་ཐོན་དུ་ངོས་འཛིན་གྱིས་གཞིས་སྐལ་ཐོབ་ཐང་རྣམས་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་བརྒྱུད་དབུས་བོད་མིའི་འགོ་འཛིན་ནས་སྡོད་ངལ་སེལ་ཚོགས་པར་རྩིས་འབུལ་བྱ་དགོས་པ་གསུངས་འདུག སྒྲིག་གཞི་བསྐྱར་བཅོས་ཀྱི་བརྗོད་པ་དང་པོའི་ཐོག་ཕེབས་ཟིན་པའི་རྗེས་སུ་སྤྱི་འཐུས་ཁག་ཅིག་ནས་སྒྲིག་གཞི་བསྐྱར་བཅོས་ཀྱི་དོ་ཚན་ཁག་གི་ཐོག་ལ་བགྲོ་གླེང་གཏིང་ཟབ་པོ་བྱེད་རྒྱུའི་དུས་ཚོད་མེད་པ་སོགས་གསུངས་ཏེ་ད་རེས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དེ་ཆེད་འཛུགས་ཚོགས་ཆུང་ཞིག་ལ་བཏང་སྟེ་མ་འོངས་དེ་འབྲེལ་སྙན་ཐོ་འབྱོར་མཚམས་སུ་བསྐྱར་བཅོས་གཏན་འབེབས་གནང་གལ་སོགས་གསུངས་མཁན་བྱུང་སོང་ལ། ཁག་ཅིག་ནས་ཆེད་འཛུགས་ཚོགས་ཆུང་མི་དགོས་པར་ད་རེས་གྲོས་ཚོགས་ཐོག་ཕེབས་པའི་དོན་ཚན་རེ་རེའི་ཐོག་ལ་གྲོས་བསྡུར་གནང་སྟེ་གཏན་འབེབས་གནང་དགོས་པ་སོགས་གསུངས་མཁན་བྱུང་ཡོད། སྐབས་དེར་ནང་སྲིད་བཀའ་བློན་མཆོག་དང་བདེ་སྲུང་བཀའ་བློན་མཆོག་ནས་ཆེད་འཛུགས་ཚོགས་ཆུང་ལ་གཏང་རྒྱུར་དགག་པ་གང་ཡང་མེད་ཀྱང་ད་ལྟའི་འཆར་སྡོད་ཁང་བགོ་འགྲེམས་དང་འབྲེལ་བའི་ས་ཆ་མཁོ་སྒྲུབ་བྱ་རྒྱུའི་དུས་ཚོད་ལ་ཡིན་པ་སོགས་འགྲེལ་བརྗོད་དང་སྦྲགས། ད་རེས་གྲོས་ཚོགས་ནས་སྒྲིག་གཞིའི་དོན་ཚན་ཁག་བསྐྱར་བཅོས་གཏན་འབེབས་ཐུབ་དགོས་པའི་གལ་གནད་ཁག་ཅིག་གསུངས་ཡོད།ད་རེས་གྲོས་ཚོགས་སུ་ནང་སྲིད་བཀའ་བློན་མཆོག་གིས་བསྣམས་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་དོན་ཚན་ཁག་བཅུ་པོ་དེ་དག་ཡོངས་ལ་དགག་པ་རྒྱག་མཁན་བྱུང་ཡོད་པ་དང་། དོན་ཚན་རེ་རེའི་ཐོག་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་སྐབས་དོན་ཚན་ཆ་ཚང་མང་མོས་ཐོག་ནས་གཏན་འབེབས་གནང་སོང་བ་དང་། ད་རེས་བསྐྱར་བཅོས་ཟིན་པའི་སྒྲིག་གཞིན་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་མཚན་རྟགས་བཀོད་པའི་ཉིན་མོ་ནས་དངོས་སུ་ལག་བསྟར་གནང་རྒྱུ་ཡིན་པ་རེད། རྩ་བའི་དེ་རིང་གྲོས་ཚོགས་ཀྱི་ལས་རིམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་བགོ་འགྲེམས་དང་འབྲེལ་བའི་གཞུང་གི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་དང་། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་དང་འབྲེལ་བའི་གཞུང་འབྲེལ་ཁྲིམས་ཡིག་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཅིག་བཅས་བསྣམས་ཕེབས་ཡོད་ཀྱང་། གྲོས་ཚོགས་ཀྱི་ལས་ཉིན་མཇུག་སྒྲིལ་ལ་ཉེ་བ་སོགས་ཀྱི་རྐྱེན་པས་བསྐྱར་བཅོས་དེ་དག་གྲོས་ཚོགས་ཚོགས་དུས་རྗེས་མའི་ནང་བསྣམས་ཕེབས་རྒྱུ་ཡིན་པ་རེད།

སྲིད་འཛིན་ཞི་ཅིན་ཕིང་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པའི་ལས་ཉིན་བརྒྱད་པའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་སུ་ཕུལ་བའི་སྐབས་ ༡༦ པའི་བཀའ་བཤག་གི་གཞུང་འབྲེལ་གསལ་བཤད་ལས་རྒྱ་ནག་གི་སྲིད་འཛིན་གྱི་མིང་ཐོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་གནང་ཡོད་ཀྱང་།གནས་སྐབས་རིང་ཕྱིར་འཐེན་ཞུས་ནས་དུས་སྟབས་འགྲིག་པ་ཞིག་འབྱུང་ཚེ་འབུལ་འཆར་ཡོད་ཅེས་གསལ་བ་ལྟར་སྤྱི་འཐུས་མི་ཉུང་བ་ཞིག་ནས་དྲན་ཐོ་ཡིག་ཆ་དེ་རྒྱ་ནག་ལ་མ་ཕུལ་བའི་སྔོན་ལ་གྲོས་ཚོགས་སུ་འབུལ་ལམ་ཞུ་དགོས་པ་དང་ནང་དོན་གང་དག་བཀོད་ཡོད་མེད་སོགས་ཀྱི་བཀའ་འདྲི་ནན་པོ་ཞུས་སོང་། སྔ་དྲོའི་ཚོགས་དུས་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོངས་དོན་ལྟར་བཀའ་ཤག་གི་གཞུང་འབྲེལ་གསལ་བཤད་གྲོས་ཚོགས་སུ་སྙན་སྒྲོན་ཞུས་པའི་ནང་དོན་ཚན་གཙོ་བོ་བོད་དོན་བདེན་མཐའ་གསལ་ཐབས་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་བདེ་དོན་སྐོར་ཆགས་ཡོད་པ་དང་། བོད་དོན་བདེན་མཐའ་གསལ་ཐབས་སུ་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་མུ་མཐུད་ནས་འབད་བརྩོན་ཞུ་རྒྱུ་ཡིན་པར་གསུངས་ཡོད། དེ་བཞིན་དོན་ཚན་དེའི་ཁོངས་སུ་རྒྱ་ནག་གཞུང་ནས་བོད་ནང་གི་སྔོན་འགྲོ་སློབ་གྲྭ་ནས་མཐོ་སློབ་བར་དུ་རྒྱ་སྐད་ཁྱབ་སྤེལ་གྱི་དམིགས་ཚད་འོག་ནས་བོད་ཀྱི་སྐད་ཡིག་སློབ་གཉེར་གྱི་གོ་སྐབས་འཕྲོག་བཞིན་པ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་ཟེར་བའི་སྲིད་བྱུས་འོག་བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ་ལོ་རྒྱུས་ལ་འཁྱོག་བཤད་དང་བླ་སྤྲུལ་ཡང་སྲིད་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་བཞིན་པ་ཁག་མངོན་གསལ་གནང་སྟེ་རྒྱ་ནག་གི་སྲིད་བྱུས་དེ་དག་རྐང་བོད་མི་གཙོས་གྲངས་ཉུང་མི་རིགས་རྣམས་རྒྱ་རིགས་ཅན་དུ་བསྒྱུར་རྒྱུ་དང་སྲིད་བྱུས་དེ་དག་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་དོན་ཚན་ཁག་དང་འགལ་ཡོད་པ་སོགས་འགྲེལ་བརྗོད་གནང་འདུག རྒྱ་ནག་གི་བྱེད་བབ་ཁག་བཟློག་ཐབས་སུ་མང་ཚོགས་ཀྱི་འགན་དབང་བསྐུར་བའི་མཛད་གཙོ་རྣམ་པ་ཚོས་དབུ་འཛུགས་ཏེ་བོད་མིའི་སྟོབས་ཤུགས་དང་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་གནང་གལ་དང་། རང་དབང་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་མང་ལ་འཆར་གཞི་དང་དམིགས་འབེན་ཡོད་པའི་ཐོག་ནས་འབྲེལ་བ་གནང་ཤུགས་ཆེ་རུ་གཏོང་རྒྱུ། དེ་བཞིན་འཛིན་སྐྱོང་བཀའ་ཤག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་ཁྱད་ཆོས་ལ་བརྟེན་ནས་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། འདས་པའི་ལས་ཡུན་རིང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ཟུར་འཛུགས་བྱས་ནས་ལས་དོན་ཁག་ཅིག་གནང་བཞིན་པའི་གནས་བབ་དང་། ལྷག་པར་དུ་རྒྱ་ནག་གི་སྲིད་འཛིན་གྱི་མིང་ཐོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་བྱས་ཡོད་ཀྱང་གནས་སྐབས་རིང་ཕྱིར་འཐེན་ཞུས་ནས་དུས་སྟབས་འགྲིག་པ་ཞིག་འབྱུང་ཚེ་འབུལ་འཆར་ཡོད་ཅེས་སོགས་འཁོད་ཡོད་པ་རེད། སྤྱི་འཐུས་རྣམ་པས་བཀའ་ཤག་གི་གསལ་བཤད་ཐོག་བགྲོ་གླེང་གི་ཆ་ཤས་བཞེས་སྐབས་སྤྱི་འཐུས་མི་ཉུང་བ་ཞིག་ནས་བཀའ་ཤག་གིས་གསལ་བཤད་ཁྲོད་དུ་རྒྱ་ནག་གི་སྲིད་འཛིན་གྱི་མིང་ཐོག་ལ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་དྲན་ཐོ་ཡིག་ཆ་ཞིག་འབུལ་རྒྱུའི་གྲ་སྒྲིག་གནང་ཡོད་སྐོར་འཁོད་པ་དང་འབྲེལ་ཏེ། དྲན་ཐོ་ཡིག་ཆ་དེ་རྒྱ་ནག་ལ་མ་ཕུལ་བའི་སྔོན་ལ་གྲོས་ཚོགས་སུ་འབུལ་ལམ་ཞུ་དགོས་པ་དང་ནང་དོན་གང་དག་བཀོད་ཡོད་མེད་སོགས་ཀྱི་བཀའ་འདྲི་ཁག་ཅིག་གནང་སོང་། དེ་བཞིན་ཁག་ཅིག་ནས་ད་རེས་བཀའ་ཤག་གི་གསལ་བཤད་ཁྲོད་དུ་དང་བླངས་ཞུ་གཏུག་བ་རྣམ་པས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་འགྲེལ་བརྗོད་གནང་རྗེས་སྒེར་གྱི་ལངས་ཕྱོགས་ཞུ་ས་ཡོད་པ་གང་ཞིག་དེར་འགལ་ཟླར་མཐོང་གི་མེད་ཅེས་གསུངས་པར་ཡི་རང་ཞུ་མཁན་བྱུང་སོང་བ་མ་ཟད། ཁག་ཅིག་ནས་བོད་མིའི་སྒྲིག་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་འགལ་ཟླ་ཆགས་མིན་དང་དབུ་མའི་ལམ་ལ་རེ་བ་ག་ཚོད་ཡོད་དམ་ཞེས་སོགས་ཀྱི་བཀའ་འདྲི་ཞུས་ཡོད།    གཞན་ཡང་བཀའ་ཤག་གི་གསལ་བཤད་ཁྲོད་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་དང་འབྲེལ་བོད་དོན་འཐབ་རྩོད་དང་སྤྱི་ཚོགས་བདེ་དོན་གྱི་རྨང་གཞི་ལྟ་བུར་འགྱུར་བའི་བོད་མིའི་སྒྲིག་འཛུགས་འདི་བཞིན་ཁྲིམས་ཀྱི་དབང་བསྒྱུར་ལྡན་དགོས་གལ་སྐོར་འགྲེལ་བརྗོད་དང་སྦྲགས། བར་ལམ་ནས་བཅའ་ཁྲིམས་འགྲེལ་བརྗོད་དང་འབྲེལ་བའི་དཀའ་ངལ་འཕྲད་པ་ཁག་ལ་གཞིགས་ཏེ་གྲོས་ཚོགས་ནས་ཁྲིམས་ཡིག་བསྐྱར་ཞིབ་ཚོགས་ཆུང་ཆེད་འཛུགས་དང་། དེ་བཞིན་འཛིན་སྐྱོང་གི་ངོས་ནས་ལས་བྱེད་ཀྱི་འཇོན་ནུས་བཞེངས་སྐྲུན་གནང་རྒྱུར་མཐུན་རྐྱེན་བསྐྲུན་རྒྱུ་དང་། ལས་གཞི་ཁག་ཚན་རིག་དང་མཐུན་པའི་འཆར་འགོད་ཐོག་མ་འོངས་ལོ་གསུམ་གྱི་ལས་འཆར་ཁག་སྔོན་ཚུད་ནས་བང་སྒྲིག་གནང་རྒྱུ་སོགས་མ་འོངས་ལས་འཆར་ཁག་ཅིག་དང་། འདས་པའི་ལས་དོན་ཇི་གྲུབ་སོགས་གསལ་འདོན་གནང་འདུག་པ་ཁག་གི་ཐོག་ལ་ཡང་སྤྱི་འཐུས་རྣམ་པས་བཀའ་དྲི་ཁག་ཅིག་ཞུས་སོང་བ་དང་། ད་རེས་སྤྱི་འཐུས་རྣམ་པས་བཀའ་འདྲི་ཞུས་ཁག་ལ་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ཀྱི་ལས་ཉིན་རྗེས་མར་ལན་འདེབས་གསལ་བཤད་གནང་རྒྱུ་ཡིན་པ་རེད།གཞི་རྩའི་དེ་རིང་གྲོས་ཚོགས་ནང་བཀའ་ཤག་གི་གསལ་བཤད་ལས་རིམ་སྔོན་ལ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲི་གཞི་དོན་ཚན་བཅུ་དྲུག་དང་བཅུ་བདུན། བཅུ་དགུ་བཅས་དང་འབྲེལ་བའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་གྲོས་ཚོགས་སུ་སྙན་སྒྲོན་དང་བགྲོ་གླེང་དབུ་འཛུགས་གནང་ཡོད་པ་དེ་དག་སང་སྔ་དྲོའི་ལས་རིམ་ཐོག་འཕྲོ་སྐྱོང་གནང་བའི་ཐོག་ནས་གཏན་འབེབས་གནང་རྒྱུ་ཡིན་པ་མ་ཟད། དེ་རིང་ཕྱི་དྲོའི་ཚོགས་དུས་འཕར་འགྱངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཡོད།

རྩིས་ལོ་ ༢༠༢༡་༢༢ ལོའི་སྔོན་རྩིས་ནང་འགྲོ་གྲོན་སྒོར་ས་ཡ་ཉིས་སྟོང་དྲུག་བརྒྱ་ལྷག་གཏན་འབེབས།

དེ་རིང་ཉིན་རྒྱབ་སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༢༡་༢༢  ལོའི་སྔོན་རྩིས་ནང་འགྲོ་གྲོན་སྒོར་ས་ཡ་ ༢༦༩༨༡༣༡༤༩༨ གཏན་འབེབས་གནང་སོང་།དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཉིན་རྒྱབ་ཀྱི་ཚོགས་དུས་ཐོག་ཚོགས་གཞོན་ཨཱཙཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་རྩིས་ལོ་ ༢༠༢༡་༢༢ ལོའི་གཏོང་ལེན་ཁྲིམས་ཡིག་སྙན་སྒྲོན་གནང་བ་དང་འབྲེལ་ཏེ་སྤྱི་འཐུས་རྣམ་པས་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཐོག་རྩིས་ལོ་ ༢༠༢༡་༢༢ ལོའི་དགོས་དངུལ་འགྲོ་གྲོན་སྒོར་ས་ཡ་ ༢༦༩༨༡༣༡༤༩༨ གཏན་འབེབས་གནང་སོང་བ་དང་དེ་ནི་སྔ་ལོའི་གྲོས་ཚོགས་ནས་གཏན་འབེབས་ཟིན་པའི་སྔོན་རྩིས་དང་བསྡུར་ན་སྒོར་ས་ཡ་བཅོ་ལྔ་ཙམ་ཉུང་བ་ཆགས་ཀྱི་འདུགཕྱོགས་བསྡོམས་མ་དངུལ་དེའི་ནང་སྦེང་ལོར་ལྷོ་སྤྱི་ལས་ཁུངས་དང་ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་ཁག་ལྔའི་སྔོན་རྩིས་འགྲོ་འཆར་དང་དེ་བཞིན་འཕྲོད་བསྟེན་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་སྨན་ཁང་ཁག་གསུམ་བཅས་ཀྱི་འགྲོ་འཆར་མ་དངུལ་ས་ཡ་ ༥༣༧༢༢༣༦༣ ཚུད་མེད་པ་རེད།སྐབས་བཅོ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་འདི་ཟླ་ ༣ ཚེས་ ༡༥ ནས་དབུ་འཛུགས་ཀྱིས་ཚེས་ ༣༡ བར་ཁྱོན་ཉིན་གྲངས་ ༡༥ རིང་འཚོགས་གཏན་འཁེལ་ཡོད་པ་དང་སྔོན་རྩིས་གྲོས་ཚོགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཐོག་བགྲོ་གླེང་ཐོག་ནས་གཏན་འབེབས་གནང་སྲོལ་ཡོད་ཀྱང་། ད་ཆ་རྒྱ་གར་ཧི་མཱ་ཅལ་གྱི་ཁྱིམ་མཚེས་མངའ་སྡེ་པན་ཇབ་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན་ཁ་སང་གྲོས་ཚོགས་ཀྱི་ལས་ཉིན་བདུན་པའི་ཐོག་གྲོས་ཚོགས་ཀྱི་ལས་རིམ་ལ་ཅུང་བསྐྱར་བཅོས་གནང་སྟེ་དེ་རིང་ཉིན་རྒྱབ་ཏུ་རྩིས་ལོ་ ༢༠༢༡་༢༢ ལོའི་སྔོན་རྩིས་དངོས་སུ་གཏན་འབེབས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་གི་ལས་དོན་གནང་ཕྱོགས་ཐོག་བགྲོ་གླེང་གཙོས་ལས་རིམ་གཞན་ཁག་ཅིག་གནང་རྒྱུ་ཡིན་པ་རེད།ད་ཆ་ལོ་གཅིག་ཙམ་གྱི་རྗེས་སུ་ཚོགས་པའི་གྲོས་ཚོགས་ཀྱི་ཚོགས་དུས་འདི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་མཐའ་མ་དེ་ཆགས་ཀྱི་ཡོད་པ་དང་ཐེངས་འདིའི་གྲོས་ཚོགས་ཐོག་བཀའ་ཤག་གིས་སྔོན་རྩིས་འཆར་འབུལ་ཞུས་པར་ཆབ་སྲིད་ཐོག་བརྒྱ་ཆ་ ༢༣་༦༣ དང་ཤེས་རིག་ཐོག་བརྒྱ་ཆ་ ༢༢་༣༢ འཛིན་སྐྱོང་ཐོག་བརྒྱ་ཆ་ ༢༡་༩ སྤྱི་ཚོགས་ཐོག་བརྒྱ་ཆ་ ༡༨་༧༨  འཕྲོད་བསྟེན་ཐོག་བརྒྱ་ཆ་ ༨་༧༣ དེ་བཞིན་ཆོས་རིག་ཐོག་བརྒྱ་ཆ་ ༢་༢༤ དང་ཁྲིམས་བཟོ་ཐོག་བརྒྱ་ཆ་ ༢་༣ བཅས་ཞུས་ཡོད་པ་རེད།དེ་རིང་གྲོས་ཚོགས་ཀྱི་སྔ་དྲོའི་ཚོགས་དུས་ཐོག་སྤྱི་འཐུས་རྣམས་ནས་མུ་མཐུད་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་བའི་ཁྲོད་སྤྱི་འཐུས་ཤིག་ནས་སྨན་བཅོས་ལྟ་སྐྱོང་ལས་གཞིར་བསྐྱར་ཞིབ་གནང་ཡོད་མེད་དང་ད་ལྟའི་ཆར་གནས་སྟངས་ཇི་ཆགས་དང་ལས་གཞི་འདིར་ཞུགས་མཁན་ཇི་ཡོད་དང་ཁོང་རྣམ་པར་དོན་ཕན་ཇི་བྱུང་སོགས་ཀྱི་ཐོག་བཀའ་འདྲི་ཁག་ཅིག་ཞུས་པར་འཕྲོད་བསྟེན་བཀའ་བློན་མཆོག་གིས་དེ་འབྲེལ་བཀའ་ལན་གནང་ཡོད་པ་རེད།བགྲོ་གླེང་གི་ལས་རིམ་ཐོག་སྤྱི་འཐུས་ཤིག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་སེམས་ཁམས་མི་བདེ་བ་དང་ལྷག་དོན་སྨྱོ་རྫས་ངན་གོམས་དང་ཆང་རག་སོགས་སྤྱོད་མཁན་བོད་རིགས་ན་གཞོན་མང་དག་ཅིག་འབྱུང་བཞིན་པའི་དཀའ་ངལ་ཐེར་འདོན་གནང་བ་དང་འབྲེལ། དཀའ་ངལ་དེ་དག་སེལ་ཐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་གཙོས་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་བོད་རིགས་གཞོན་སྐྱེས་དག་ལ་སྨན་བཅོས་ཀྱི་མཐུན་འགྱུར་སྦྱར་བ་དང་ལྷན་དུ་ཁོང་རྣམས་མ་འོངས་པར་དྲག་སྐྱེད་ཡོང་སྐབས་འཚོ་བའི་མཐུན་རྐྱེན་བསྐྲུན་ཕྱིར་ལས་ཀ་ཆུང་ཚགས་རིགས་སྤྲོད་དགོས་པའི་གཞེན་སྐུལ་གནང་སོང་།

བཙན་བྱོལ་སྤྱི་ཚོགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་ཡོད་དོ་ཅོག་མཐུན་ལམ་རྡོག་རྩ་གཅིག་དྲིལ་ཐོག་འཁྲིད་རྒྱུར་འབད་དགོས་པའི་རེ་སྐུལ།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བརྒྱད་པའི་ཐོག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་ཉིན་འཁྱོངས་བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་གནང་བའི་ཁྲོད། བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ཁག་གི་གནས་བབ་དང་། རྒྱ་རིགས་འབྲེལ་མཐུད་པའི་ལས་དོན། རྒྱ་གར་མི་སེར་བཞེས་པའི་གནད་དོན། དེ་བཞིན་འགྲེམས་སྟོན་ཚན་པའི་ལས་གཞི་དང་དབུ་མའི་ལམ་གྱི་གོ་རྟོགས་ལས་གཞི་སོགས་ཀྱི་གནད་དོན་མང་དག་ཅིག་གི་ཐོག་ལ་འདྲི་རྩད་ལྷུག་པོ་གནང་སོང་། སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་ད་ལྟའི་འཛིན་སྐྱོང་བཀའ་ཤག་གི་ལས་དོན་གནང་ཕྱོགས་སྐོར་ལས་འཕྲོས་ཏེ་ Australia  Sydney གྲོང་ཁྱེར་ནང་བོད་མི་རྣམས་ཤོག་ཁག་གཉིས་སུ་ཁ་གྱེས་ཡོད་པའི་གནད་དོན་དང་འབྲེལ། སྲིད་སྐྱོང་མཆོག་ནས་བཀའ་ཤག་གི་ལས་ཡུན་ལྷག་པའི་རིང་བོད་རྒྱ་ཆེ་མང་ཚོགས་རྣམས་མཐུན་ལམ་རྡོག་རྩ་གཅིག་དྲིལ་ཐོག་ནུས་པ་མཉམ་སྤུངས་དང་ཕྱོགས་གཅིག་ཏུ་ཁྲིད་ཐབས་སླད་འབད་བརྩོན་གནང་དགོ་ས་པའི་རེ་སྐུལ་ཞུས་སོང་། དེར་ཕྱི་དྲིལ་བཀའ་བློན་གཅིག་ལྕོགས་སྲིད་སྐྱོང་མཆོག་གིས་གཞི་རྩའི་ Sydney ནང་གི་གནད་དོན་དེ་དུས་ཡུན་གང་ཙམ་ཞིག་ནས་བྱུང་ཡོད་པ་དང་དཀའ་ངལ་སེལ་ཐབས་སླད་སྲིད་སྐྱོང་མཆོག་ཡུལ་དེར་གཞུང་འབྲེལ་འཚམས་གཟིགས་སུ་བསྐྱོད་སྐབས་ངོ་རྒོལ་གནང་མཁན་རྣམས་དང་འབྲེལ་བ་བྱ་རྒྱུའི་འདུན་པ་བསྟན་ཡོད་ཀྱང་ཁོང་རྣམས་ནས་འབྲེལ་བ་ཞུས་མེད་པ་འགྲེལ་བརྗོད་དང་སྦྲགས། སྲིད་སྐྱོང་མཆོག་ནས་ཆོལ་ཁའི་ཕྱོགས་ཞེན་ལ་མཐའ་ཅིག་ཏུ་མོས་མཐུན་མེད་པ་མ་ཟད། དེ་སྔ་སྲིད་སྐྱོང་གི་འོས་མིར་བཞེངས་པའི་སྐབས་སུའང་དེ་དག་ནས་རྒྱབ་སྐྱོར་ཞུ་ཐབས་གནང་མེད་པ་ལྟར་ད་ཆ་ཡིན་ཡང་དེ་ལྟར་གནང་གི་མེད་པའི་གསལ་བཤད་གནང་ཡོད། གནད་དོན་དེའི་ཐོག་སྤྱི་འཐུས་གཞན་ཞིག་ནས་ Australia འི་གནད་དོན་དེ་གྲོས་ཚོགས་སུ་གླེང་མོལ་གནང་ནས་སེལ་ཐུབ་ཐབས་མེད་པ་དང་དེའི་ཆེད་བཀའ་སྤྱི་གཉིས་ལས་གྲུབ་པའི་དམིགས་བསལ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་བགྲོ་གླེང་དགོས་གལ་ཡིན་པའི་དགོངས་འཆར་ཕུལ་མཁན་ཡང་བྱུང་སོང་། བགྲོ་གླེང་སྐབས་ཆ་ཤས་བཞེས་མཁན་སྤྱི་འཐུས་ཁག་གཅིག་ནས་རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུ་སྐོར་དང་འབྲེལ། དེའི་ནང་བཅར་མཁན་གཙོ་བོ་སུ་ཆགས་ཀྱི་ཡོད་མེད་དང་ཚོགས་བཅར་བ་རྣམས་ཕྱིར་རང་ཡུལ་དུ་ཕེབས་རྗེས་དོན་དངོས་བོད་དོན་ལ་ཕན་པའི་ཕྱག་ལས་ཇི་ཙམ་གནང་གི་ཡོད་མེད་དང་དེ་དག་ལྷན་འབྲེལ་ལམ་རྒྱུན་འཛིན་གནང་ཕྱོགས་བཅས་ཀྱི་སྐོར་བཀའ་འདྲི་ཞུས་སོང་བ་དང་། སྐབས་དེར་བཀའ་བློན་མཆོག་གིས་རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུའི་ནང་ཕལ་ཆེ་བ་རྒྱ་རིགས་འབྲེལ་མཐུད་པ་དམིགས་བསལ་བཙུགས་པའི་རྒྱ་ཡིག་ཤེས་མཁན་གྱི་བོད་རིགས་མཐོ་རིམ་སློབ་མ་དང་སྤྱི་ཚོགས་ལས་འགུལ་བ་སོགས་ལྷན་འཛོམས་གནང་གི་ཡོད་པ་དང་། ཁོང་རྣམས་ནས་ཕྱིར་རང་ཡུལ་དུ་ཕེབས་ནས་སོ་སོའི་ས་གནས་ཀྱི་རྒྱ་རིགས་སློབ་ཕྲུག་གཙོས་པའི་མང་ཚོགས་ཁྲོད་ལ་བོད་དོན་ངོ་སྤྲོད་ལས་རིམ་གང་ཙམ་སྤེལ་གྱི་ཡོད་པ་གསུངས་སོང་བ་དང་ཆབས་ཅིག མ་འོངས་རྒྱ་རིགས་འབྲེལ་མཐུད་པའི་ཚོགས་འདུ་ཐེངས་བདུན་པ་དེ་ཕྱི་ཟླ་ ༧ ནང་འཚོགས་གཏེནཁེལ་ཡོད་པ་གསུངས་སོང་།  རྩ་བའི་ཐེངས་འདིའི་གྲོས་ཚོགས་ཀྱི་ལས་ཉིན་དང་པོའི་ཐོག་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་འབྲེལ་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་བོད་རྒྱ་འབྲེལ་མོལ་གྱི་གནས་བབ་སྐོར་ལ་དྲི་བ་མང་དག་ཅིག་ཕེབས་པ་ལྟར།་ སྲིད་སྐྱོང་མཆོག་གིས་དེ་དག་ལ་བཀའ་ལན་གནང་སྐབས་ད་བར་བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་བསྐོ་བཞག་གནང་མེད་པ་དེ་༸གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་བསྐོ་གཞག་གནང་མེད་པའི་ཁར། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱི་མཚན་འདོན་གནང་སྟེ་བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཐོག་དགའ་ལྡན་ཕོ་བྲང་གིས་ཐུསག་འགན་བཞེས་ཀྱི་ཡོད་སྐོར་གསུངས་ཡོད། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་བགྲོ་གླེང་གནང་བའི་ཁྲོད་སྤྱི་འཐུས་ཤིག་ནས་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་རྭ་བའི་ནང་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཅིག་གི་མཚན་གསལ་འདོན་གནང་བའི་གནད་དོན་དེ་ལུང་འདྲེན་དང་སྦྲགས། ཆབ་སྲིད་ཀྱི་དབུ་ཁྲིད་ཞིག་ནས་བོད་རྒྱ་ཞི་མོལ་དང་འབྲེལ་བའི་བཀའ་མོལ་གནང་སྐབས་ཕྱི་ནང་གསང་གསུམ་ཡོད་པའི་ཐོག་ནས་གནང་རོགས་ཞེས་དགོངས་འཆར་ཕུལ་མཁན་ཡང་བྱུང་སོང་། གཞན་ཡང་གྲོས་ཚོགས་སུ་སྲིད་སྐྱོང་མཆོག་ནས་རྒྱ་གར་གྱི་མི་སེར་བཞེས་པའི་བོད་མི་ཚོ་དང་། ཕྱིའི་རྒྱལ་ཁག་ལ་བཞུགས་པའི་བོད་མི་ཚོས་རྒྱ་གར་གྱི་འོས་བསྡུ་དང་ཆབ་སྲིད་ལས་དོན་སོགས་ཀྱི་ནང་མངོན་གསལ་དོད་པོས་ཆ་ཤས་བཞེས་པ་དང་། སྤྱི་ཚོགས་དྲྭ་ལམ་ཐོག་མཆན་འགྲེལ་བཀོད་སོགས་གནང་ཚེ་ཆེ་ས་ནས་བོད་ཀྱི་རྩ་དོན་དང་། རྒྱ་གར་ནང་བཞུགས་པའི་བོད་མི་ཚོར་གནོད་སྐྱོན་ཐེབས་སྲིད་སྟབས་དེ་རིགས་ལ་དགོངས་པ་ངེས་པར་དུ་བཞེས་དགོས་པའི་སྐུལ་མ་གནང་ཡོད། བགྲོ་གླེང་གི་ལས་རིམ་ཐོག་བོད་མི་མང་སྤྱི་འཐུས་ཁག་གཅིག་ནས་དེ་སྔ་གྲོས་ཚོགས་སུ་ཕྱི་དྲིལ་བཀའ་བློན་མཆོག་ནས་རྒྱ་གར་ནང་བཞུགས་པའི་བོད་མི་ཚོར་Travel Document ཐོབ་ཐབས་གནང་རྒྱུ་ཡིན་སྐོར་གསུངས་པ་དེ་ད་ཆ་གནས་སྟངས་ཇི་ཆགས་དང་འབྲེལ་བཀའ་འདྲི་ཞུས་པར་ Travel Documet ཞེས་པ་དེ་རྒྱ་གར་ནང་ཁྲིམས་མཐུན་ཡིག་ཆ་ཞིག་མིན་སྟབས་དེ་སྔ་ཡོད་བཞིན་པའི་ IC ལག་དེབ་སེར་པོར་ཡར་རྒྱས་གང་འཚམ་བཏང་ཡོད་པ་གསུངས་སོང་། གཞི་རྩའི་དེ་རིང་གྲོས་ཚོགས་ལས་རིམ་དེའི་ཐོག་ཕྱི་དྲིལ་བཀའ་བློན་བློ་བཟང་སེང་གེ་མཆོག་གིས་འདས་ལོའི་ནང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་ཐད་བསྩལ་བའི་གལ་ཆེའི་བཀའ་ཡིག་བོད་རྒྱ་དབྱིན་གསུམ་ཐོག་དེབ་གྲངས་ ༡༠༠༠ པར་བསྐྲུན་ཞུས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་མཐུན་ཚོགས། དེ་བཞིན་Canada དང་། Australia སོགས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཚན་པ་སོགས་སུ་བོད་དོན་གསུང་བཤད་དང་བོད་དོན་དང་འབྲེལ་བའི་ཡིག་ཆ་འགྲེམས་སྤེལ་ཞུས་པ། དབུ་མའི་ལམ་གྱི་ཟབ་སྦྱོང་ཐེངས་༡༠ དང་། རྒྱ་རིགས་དང་འབྲེལ་བའི་ལས་དོན་ཚོགས་འདུ་ཚོགས་པ། ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་ལས་བསྡོམས་སོགས་སྙན་སྒྲོན་གནང་ཡོད་པ་རེད། དེ་རིང་ཉིན་རྒྱབ་ཚོུད་ ༣ བར་སྤྱི་འཐུས་རྣམས་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ལོ་བསྡོམས་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་རྗེས་སྤྱི་འཐུས་རྣམ་པ་བཞུགས་མོལ་ཚོགས་འདུ་ཐོག་ཕེབས་ཡོད་སྟབས། ཕྱི་དྲིལ་ལས་ཁུངས་ཀྱི་ལས་བསྡོམས་ཐོག་གི་བགྲོ་གླེང་རེ་ཞིག་མཚམས་བཞག་གིས་རེས་གཟའ་ཟླ་བའི་ཉིན་མུ་མཐུད་བགྲོ་གླེང་མཇུག་སྐྱོང་གནང་རྒྱུ་རེད་འདུག

Latest news