Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་བརྗོད་པ་དང་པོ། 

Tibetan News Headlines

  • Conversation with TWA members on Association’s mission, outreach, and youth engagement strategies

རེས་གཟའ་སྤེན་པ། ༢༠༢༤།༠༤།༢༧

  • བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ངོ་བོ་དང་ལས་དོན། གཞོན་སྐྱེས་མཉམ་ཞུགས་སྐོར་གླེང་མོལ།

དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ ལས་ཉིན་ ༨ པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་སྒྲིག་གཞི་ཁག་བསྐྱར་བཅོས་ཀྱི་བརྗོད་པ་དང་པོའི་ཁྲིམས་བཟོའི་ལས་དོན་གནང་སོང་།

དེ་ཡང་ཕྱི་ལོ་ ༢༠༢༣ ལོའི་སྔོན་རྩིས་གྲོས་ཚོགས་ཐོག་ཆེད་འཛུགས་གནང་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཙོས་པའི་ཁྲིམས་སྒྲིག་ཁག་ལ་དགོས་ངེས་ཀྱི་བསྐྱར་བཅོས་འཆར་ཟིན་ཁག་ཅིག་ཁ་སང་གྲོས་ཚོགས་སུ་ཕེབས་ཏེ། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འབྲེལ་བའི་བསྐྱར་བཅོས་འཆར་ཟིན་ཁག་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། བརྗོད་པ་དང་པོའི་ཁྲིམས་བཟོའི་ལས་དོན་ཐོག་ཕེབས་ཡོད་པ་དང་། སྐབས་དེར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཞེས་པའི་སྔོན་གླེང་ནང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་ཀྱང་རང་ཆས་སུ་ཡོད་པའི་སྐུ་དབང་རྣམས་བཞེས་སྐྱོང་མཛད་རྒྱུ་དང་། དོན་ཚན་དེའི་ནང་གསེས་གཉིས་པའི་ནང་༸གོང་ས་མཆོག་གིས་གྲོས་ཚོགས་དང་བཀའ་ཤག་ལ་དགོངས་འཆར་དང་ལམ་སྟོན་བཀའ་སློབ་བསྩལ་རྒྱུ་ཞེས་བསྐྱར་བཅོས་ཚིག་བརྗོད་གསར་སྣོན་གནང་འདུག

དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི་ཞེས་པའི་ནང་གསེས་དོན་ཚན་ཁག་ལ་བསྐྱར་བཅོས་འཆར་ཟིན་ཕེབས་པའི་ཁོངས་སུ་རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་ལྔ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་ཚེ་ཞུགས་ཆོག་ཞེས་དང་། སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ་ཞེས་གསལ་བའི་ཐོག་སྤྱི་འཐུས་མང་དག་ཅིག་གིས་དོགས་འདྲི་དང་སྦྲགས། རྒྱལ་ཁབ་གཞན་གྱི་ཡུལ་མི་ལ་བོད་ཀྱི་ཡུལ་མིའི་ཐོབ་ཐང་སྤྲད་ཚེ་མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་ཀྱིས་འོས་མིར་ཞུགས་ཆོག་མིན་དང་དེའི་དགེ་སྐྱོན། དེ་བཞིན་མི་རིགས་མཉམ་བསྲེས་ལ་རྒྱབ་སྐྱོར་བྱེད་པ་མཚོན་མིན་སོགས་ཀྱི་དགོངས་ཚུལ་གསུངས་སོང་།

མ་ཟད་དོན་ཚན་རེ་གསུམ་པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་བསྐྱར་བཅོས་ཚིག་བརྗོད་ཁོངས་དེ་སྔ་ཡོད་བཞིན་པའི་ཁྲིམས་ཞིབ་པའི་འོས་ཆོས་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་ལོ་བཞི་བཅུའི་རིང་བསྟུན་མི་དགོས་པ་དང་། ཁྲིམས་ཞིབ་པའི་འོས་མི་དེ་ལ་གྲོས་ཚོགས་ནང་མང་མོས་ཐོབ་པ་དགོས་རྒྱུ་ཞེས་པ་དེ་ངོ་ཡོད་སྤྱི་འཐུས་ཀྱི་རྒྱ་ཆ་ལྔ་བཅུ་ལོན་དགོས་པ། དེ་བཞིན་ཁྲིམས་ཞིབ་པ་གཞན་གྱི་ལས་རྒྱུན་ཐད་བསྐྱར་བཅོས་ཚིག་བརྗོད་སོགས་བསྣམས་ཕེབས་འདུག 

གཞན་ཡང་ཁྲིམས་ཞིབ་པ་ཆེ་བ་དང་གཞན་གཉིས་འོས་ཐོན་བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའམ་སྤྱི་འཐུས་ཚོགས་གཙོའི་མདུན་ནས་ལས་འཁུར་དམ་བཅའམ་ཁས་ལེན་བྱ་དགོས་པ། འདེམས་ཐོན་སྲིད་སྐྱོང་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའམ་སྤྱི་འཐུས་ཚོགས་གཙོའི་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་བཅའམ་ཁས་ལེན་བྱ་དགོས་པ། འདེམས་ཐོན་བཀའ་བློན་རྣམ་པ་སྲིད་སྐྱོང་གི་མདུན་ནས་ལས་འཁུར་དང་གསང་རྒྱའི་དམ་བཅའམ་ཁས་ལེན་བྱ་དགོས་པ། འདེམས་ཐོན་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའམ་སྲིད་སྐྱོང་གི་མདུན་དུ་ལས་འཁུར་དམ་བཅའམ་ཁས་ལེན་བྱ་དགོས་པ་སོགས་ཀྱི་བསྐྱར་བཅོས་འཆར་ཟིན་ཕེབས་པར་སྤྱི་འཐུས་རྣམ་པས་འམ་ཞེས་པའི་ཚིག་གཞི་དེ་གདམ་ཀ་ཡིན་མིན་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡོད་ཚེས་ཞེས་གསལ་ཁ་གདོན་དགོས་པ་སོགས་ཀྱི་དགོངས་ཚུལ་གསུངས་སོང་།

མ་ཟད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་ཁོངས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་གནང་ཕྱོགས་ཀྱི་བསྐྱར་བཅོས་འཆར་ཟིན་པའི་ཐོག་ལ་སྤྱི་འཐུས་རྣམ་པས་འདྲི་རྩད་དང་ཚོགས་ཆུང་གིས་ལན་འདེབས། དེ་བཞིན་སྲིད་སྐྱོང་མཆོག་གི་དགོངས་ཚུལ་སོགས་གསུངས་ཡོད།

གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་ཐོག་བཙན་བྱོན་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཁག་ ༣༠ དང་སྒྲིག་གཞི་ཁག་ ༨ གི་དོན་ཚན་ཐོག་ཕེབས་པའི་བསྐྱར་བཅོས་འཆར་ཟིན་རྣམས་གྲོས་ཚོགས་སུ་སྙན་སྒྲོན་དང་སྦྲགས། བརྗོད་པ་དང་པོའི་ལས་དོན་ཁག་གྲུབ་སྟེ་སང་ཉིན་ནས་རིམ་པས་དོན་ཚན་རེ་རེའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་གཏན་འབེབས་ཀྱི་ལས་རིམ་ཁག་གནང་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།