Tibetan Royal Year of 2151 | Year of the Wood Dragon

ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་དབུ་བརྙེས་ནས་ལོ་ ༣༠ འཁོར་བའི་དུས་ཆེན་སྲུང་བརྩི།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཟླ་བ་འདིའི་ཕྱི་ཚེས་ ༡༦ ཉིན་ཨ་རིའི་ Portland པོཊ་ལེནཌ་གྲོང་ཁྱེར་དུ་ཆགས་པའི་ Northwest Tibetan Cultural Association ཞེས་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་དུས་ཆེན་གྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཀྱིས་ཚོགས་པའི་རྒྱུན་ལས་ལས་ཟུར་ཡོངས་ནས་ལས་དོན་ཧུར་ཐག་གནང་བར་བསྔགས་བརྗོད་དང་། གཞོན་སྐྱེས་གསོ་སྐྱོང་བྱ་རྒྱུ་ཐད་སྔར་ལྷག་ཤུགས་སྣོན་སྐྱོན་དགོས་པ་གསུངས་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་སྤེལ་བའི་གནས་ཚུལ་ནང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་།  བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག  དེ་བཞིན་ཁུལ་དེའི་ཁྲིམས་དཔོན་ཚེ་རིང་ཀོར་ནེལ་ Cornell ལགས།  གྲོང་ཁྱེར་སྤྱི་ཁྱབ་ Steve Hogan ལགས། དེ་བཞིན་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས་གཙོས་པའི་བོད་པའི་སྐུ་མགྲོན་ཁག་ཅིག་དང་ས་གནས་ཀྱི་དཔོན་རིགས་དང་མང་ཚོགས་སོགས་མི་གྲངས་ ༣༠༠ ལྷག་ཙམ་ལྷན་ཞུགས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས། ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པའི་རྒྱུན་ལས་ལས་ཟུར་ཡོངས་ཀྱིས་ད་བར་ཕྱག་ལས་ཧུར་ཐག་གནང་བར་བསྔགས་བརྗོད་གནང་བ་དང་། ཟླ་བ་འདིའི་འགོ་སྟོད་དུ་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་ ༢༡ པའི་གྲོས་འཆར་གཞིར་བཟུང་རིང་མིན་པོཊ་ལན་ཌ་ས་གནས་སུ་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་གོ་སྒྲིག་གནང་རྒྱུའི་ཞལ་བཞེས་གནང་བར་ཡང་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག  ཚོགས་ཆེན་གྱི་གྲོས་ཆོད་དགོངས་དོན་ལྟར།  གཟའ་མཇུག་སློབ་གྲྭའི་ལས་དོན་དང་།  བོད་དོན་ཞུ་གཏུག་ལས་འགུལ།  བོད་དོན་འཐབ་རྩོད་རྒྱུན་སྐྱོང་ཐུབ་ཆེད་གཞོན་སྐྱེས་གསོ་སྐྱོང་བྱ་རྒྱུ་སོགས་ཀྱི་ལས་དོན་ཁག་ལ་སྔར་ལྷག་ཤུགས་སྣོན་དགོས་པ་གསུངས་འདུག

མཛད་སྒོའི་ཐོག་གཞན་ཡང་མི་རབས་རྒན་པ་རྣམས་ཀྱིས་བོད་བསྟན་སྲིད་མི་རིགས་སླད་དུ་སྐུ་ལས་ཚད་མེད་བཀྱོན་པའི་མཛད་རྗེས་ལ་ཡི་རངས་མངོན་བསྟོད་མཚོན་ཆེད་དུ་བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ལ་མཛད་སྒོའི་ཐོག་ཆེ་བསྟོད་གཟེངས་བསྟོད་ཞུས་འདུག

མ་ཟད་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeffrey A. Merkley ལགས་དངོས་སུ་མཛད་སྒོར་ཕེབས་མ་ཐུབ་ཀྱང་།  ཡིག་ཐོག་ནས་འཚམས་འཕྲིན་བསྐུར་བའི་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་ལ་ཡི་རངས་མངོན་བསྟོད་དང་།  པོཊ་ལན་ཌ་ས་གནས་བོད་མི་གཙོས་པའི་འཛམ་གླིང་ས་གནས་གཞན་དུ་གནས་པའི་བོད་མི་ཚོས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་བའི་ལས་དོན་བརྒྱུད་ཁོང་ལ་སེམས་འགུལ་ཐེབས་ཡོད་པར་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་མ་ཟད། ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པར་རྒྱབ་སྐྱོར་ཞུ་དགོས་པའི་རྒྱུ་མཚན་ཡང་གསལ་བཀོད་གནང་འདུག

འདི་ག་རླུང་འཕྲིན་ཁང་ནས་པོཊ་ལན་ཌ་ནུབ་བྱང་བོད་མིའི་རིག་གཞུང་ཚོགས་པའི་ཚོགས་གཙོ་འཕྱོར་ཚང་འཇམ་དབྱངས་བཀྲ་ཤིས་ལགས་སུ་ཐེངས་འདིའི་དུས་ཚིགས་དང་བསྟུན། ཚོགས་པའི་སྐོར་བཀའ་འདྲི་ཁག་ཅིག་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ།

པར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།