ཕྱི་དྲིལ་བཀའ་བློན་མཆོག་ལ་༸སྐུའི་གོ་སྟོན་གྲ་སྒྲིག་དང་བོད་དོན་དྲིལ་བསྒྲགས་གནང་ཕྱོགས་ཐད་འདྲི་རྩད།

Tibetan News Headlines

  • In conversation with Asanga Vajra Rinpoche of the Khön Family of Sakya Phuntsok Phodrang

ཪེས་གཟའ་སྤེན་པ། ༢༠༢༦།༡༡།༠༧

  • དཔལ་ས་སྐྱ་པ་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༸སྐྱབས་མཆོག་ཨ་སངྒ་བཛྲ་རིན་པོ་ཆེ་དང་གླེང་མོལ།

དེ་རིང་གྲོས་ཚོགས་སུ་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་བགྲོ་གླེང་ཁྲོད་སྤྱི་འཐུས་རྣམས་ཀྱིས་གོ་སྟོན་གྲ་སྒྲིག་དང་འབྲེལ་བའི་གནད་དོན་དང་བོད་དོན་དྲིལ་བསྒྲགས་གནང་ཕྱོགས་ཀྱི་ཐད་འདྲི་རྩད་ལྷུག་པོ་གནང་སོང་།

Tibetan Parliamentarians Call for Thorough Preparations for Dalai Lama’s 90th Birthday Celebration
པར་དབང་། Tibetan Parliament-in-Exile/FB Page

དེ་ཡང་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་བཞི་པའི་ཉིན་ཁྱོང་རིང་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་གསལ་བཤད་ལན་འདེབས་སོགས་གནང་བའི་ཁྲོད། སྤྱི་འཐུས་ཁག་གཅིག་གིས་གོ་སྟོན་དང་འབྲེལ་བའི་གྲ་སྒྲིག་ད་ལྟ་ནས་འགོ་འཛུགས་གནང་དགོས་གལ་དང་། གོ་སྐབས་དམ་འཛིན་བརྒྱུད་ཕྱིའི་རྒྱལ་ཁབ་ཁག་གི་དབུས་དང་ས་གནས་ཀྱི་གྲོས་ཚོགས་ནང་གྲོས་ཆོད་འཇོག་ཐབས་གནང་རྒྱུ། དེ་བཞིན་གོ་སྟོན་སྲུང་བརྩི་གོ་སྐབས་དང་བསྟུན་ནས་རྒྱལ་སྤྱིའི་ཁྲོད་ཀྱི་བོད་དོན་རྒྱབ་སྐྱོར་བ་གསར་རྙིང་ཡོངས་རྫོགས་དང་འབྲེལ་བ་མཐུད་དགོས་རྒྱུ་སོགས་གསུངས་མཁན་བྱུང་སོང་།

དེ་བཞིན་སྐབས་དེར་སྤྱི་འཐུས་ཁག་གཅིག་ནས་ཕྱི་དྲིལ་ལས་དོན་ཁོངས་སུ་གཙོ་བོི་གཅིག་བོད་དོན་དྲིལ་བསྒྲགས་དེ་ཆགས་ཀྱི་ཡོད་སྐོར་དང་འབྲེལ། བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་རྒྱ་གར་ནང་ཡུལ་སྐོར་སྤྲོ་འཆམ་པ་ཕོན་ཆེ་སླེབས་ས་དང་བོད་མི་སུད་ཚོང་གཉེར་ཡུལ་སོགས་ཀྱི་ས་ཁུལ་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཀྱི་ལས་གཞི་གང་མང་སྤེལ་དགོས་པའི་དགོངས་འཆར་ཕུལ་མཁན་བྱུང་སོང་།

ཡང་ཁ་སའི་གྲོས་ཚོགས་ནང་གླེང་མོལ་བྱུང་བ་བཞིན་སྤྱི་འཐུས་ཤིག་གིས་ཉེ་ཆར་འབྲུག་ཕྱི་སྲིད་ལས་ཁུངས་ཀྱིས་ཡུལ་དེའི་ནང་སླེབས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་འཁྲབ་སྟོན་རུ་ཁག་ཞིག་ལ་ Xizang Autonomous Region of China ཞེས་བོད་ལ་ Tibet ཞེས་པའི་ཚབ་ཏུ་ Xizang འབོད་པ་དང་འབྲེལ། འཛིན་སྐྱོང་བཀའ་ཤག་གི་དེ་དོན་ག་རེ་གནང་ཡོད་མིན་དང་སྤྱིར་ Xizang ཞེས་པའི་ཐ་སྙད་ལ་གདོང་ལེན་གྱི་སླད་དུ་དེའི་ཚབ་ཏུ་ཚིག་བེད་སྤྱོད་གཏོང་ཕྱོགས་དང་འབྲེལ་འདྲི་རྩད་གནང་བ་ལྟར། ཕྱི་དྲིལ་བཀའ་བློན་མཆོག་གིས་འབྲུག་ཕྱི་སྲིད་ལས་ཁུངས་ལ་ Xizang གི་ཐ་སྙད་བེད་སྤྱོད་དང་འབྲེལ་བའི་སེམས་འཚབ་ཡོད་པའི་ཕྱག་བྲིས་ཞིག་ཟིན་བྲིས་བཀོད་ཟིན་པ་དང་། ཕྱི་དྲིལ་ལས་ཁུངས་ཀྱི་ངོས་ནས་ Xizang གི་ཚབ་ཏུ་རྒྱ་ཡིག་ཐོག་གང་བཀོད་དགོས་མིན་ཐད་རྒྱ་ཡིག་མཁས་པ་རྣམས་ཀྱི་གོ་བསྡུར་གནང་བའི་སྙན་ཐོ་ཞིག་བཀའ་ཤག་ལ་འབྱོར་ཟིན་ཡོད་པ་གསུངས་སོང་།

Tibetan Parliamentarians Call for Thorough Preparations for Dalai Lama’s 90th Birthday Celebration
པར་དབང་། Tibetan Parliament-in-Exile/FB Page

གཞན་ཡང་དེ་རིང་གི་གྲོས་ཚོགས་སུ་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཟུར་བཀོད་སྔོན་རྩིས་དང་འབྲེལ་བོད་ཀྱི་ས་ཁྲ་འདོན་སྤེལ་སླད་ཧིན་སྒོར་ས་ཡ་ ༩ ཙམ་བསྣམས་ཡོད་པ་དེར་དགའ་བསུ་དང་སྦྲགས། ས་ཁྲ་འདི་བཞིན་ཚད་དང་ལྡན་པ་ཞིག་དགོས་གལ་ཡིན་སྐོར་སོགས་ཀྱི་དགོངས་འཆར་ཕེབས་གནང་སོང་།

མ་ཟད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་མཁན་རྣམས་ལ་ཆེས་མཐོའི་གཟེངས་རྟགས་འབུལ་བཞེས་དགོས་པའི་གནད་དོན་སྐོར་དང་། ཨ་རི་རླུང་འཕྲིན་ཁང་དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གཉིས་ལ་རོགས་དངུལ་མཚམས་འཇོག་དང་འབྲེལ་ནས་བགྲོ་གླེང་མུ་མཐུད་གནང་སོང་།

རྩ་བའི་དེ་རིང་གི་གྲོས་ཚོགས་སུ་རྩིས་ལོ་ ༢༠༢༥-༢༦ ལོའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་རྒྱུན་གྲོན་ཆེད་ཧིན་སྒོར་ས་ཡ་ ༤༣ ལྷག་ཙམ་དང་དམིགས་བསལ་ཆེད་ཧིན་སྒོར་ས་ཡ་ ༡༢ ལྷག་ཙམ་གྱི་སྔོན་རྩིས་གཏན་འབེབས་གནང་བའི་རྗེས་སུ། སང་མུ་མཐུད་ཕྱི་དྲིལ་ཁྱབ་ཁོངས་ལས་ཁུངས་དང་སྐུ་ཚབ་དོན་གཅོད་ཁང་གི་ཟུར་བཀོལ་སྔོན་རྩིས་ཐོག་བགྲོ་གླེང་དང་གསལ་བཤད་ལན་འདེབས། དེ་བཞིན་གཏན་འབེབས་སོགས་གནང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།