Tibetan Royal Year of 2151 | Year of the Wood Dragon

ཧྥ་རན་སིའི་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་བ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

ཞི་ཅིན་ཕིང་ཧྥ་རན་སིར་བསླེབས་ཡོད་པ་དང་བསྟུན། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་བདུན་ནས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་གྲོས་ཚོགས་འཐུས་མི་དེ་དག་གི་དྲ་རྒྱའི་གནས་ཚུལ་རྐུ་ཁྱེར་བྱས་པའི་གནད་དོན་གྱི་བརྒྱབ་ལ་རྒྱ་ནག་གི་དྲ་རྒྱའི་གནས་ཚུལ་སོ་ལྟ་དང་རྐུ་ཁྱེར་བྱེད་མཁན་གྱི་ཚན་པ་ APT31 ཞེས་པ་ཞིག་ཡོད་པ་ར་སྤྲོད་བྱུང་ཡོད་སྐོར་དང་འབྲེལ། ཧྥ་རན་སིའི་བདེ་སྲུང་ལས་ཁུངས་ངོས་ནས་གཞུང་འབྲེལ་གྱི་ཐོག་ནས་གནད་དོན་དེར་ཞིབ་འཇུག་གིས་ཉེས་ཅན་པ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་ཁ་སང་ POLITICO གསར་ཁང་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་ཧྥ་རན་སིར་གཞུང་འབྲེལ་སྐོར་བསྐྱོད་བྱེད་བཞིན་ཡོད་པ་དང་འབྲེལ། ཧྥ་རན་སིའི་གྲོས་ཚོགས་འཐུས་མི་བདུན་ནས་དེ་གའི་སྲིད་གཞུང་ལ་རྒྱ་རིགས་དྲ་ལམ་གཏོར་རྒོལ་བ་རྣམས་ལ་ཁྲིམས་ཐོག་ཞིབ་འཇུག་གིས་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ་ཞུས་འདུག་པ་དང་། གྲོས་ཚོགས་འཐུས་མི་ཚོས་དེ་སྔ་ཕྱི་ཟླ་གསུམ་པའི་ནང་ཨ་རིའི་ཁྲིམས་ཞིབ་ཁང་དང་དབུས་གསང་བའི་ལས་ཁུངས་གཉིས་ཀྱིས་རྒྱ་རིགས་དྲ་ལམ་གསང་ཉུལ་སྡེ་ཚན་ APT31 ཞེས་པ་དེ་དང་རྒྱ་ནག་གསང་བའི་ལས་ཁུངས་དབར་ཐད་དཀར་འབྲེལ་བ་ཡོད་པ་མངོན་གསལ་གནང་བ་མ་ཟད། སྡེ་ཚན་དེའི་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༢༡ ལོར་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་དང་། ཨ་རི་དང་ཨིན་ཡུལ་གཉིས་ཀྱི་གནད་ཡོད་མི་སྣ། དེ་བཞིན་ཚོང་ལས་གཉེར་མཁན་སོགས་རྒྱ་གཞུང་ལ་སྐྱོན་འཛུགས་བྱེད་མཁན་ཚོར་གནོད་འཚེ་ཅན་གྱི་གློག་འཕྲིན་ཁག་ ༡༠༠༠༠ ལྷག་བཏང་སྟེ། གསང་ཉུལ་བྱས་པ་ར་སྤྲོད་ཀྱིས་རྒྱ་གཞུང་ལ་ཉེས་འཛུགས་བྱས་ཡོད་པ་སོགས་མངོན་གསལ་གྱིས། ཧྥ་རན་སིའི་བདེ་སྲུང་ལས་ཁུངས་ཀྱིས་ཕྱི་ལོ ༢༠༢༡ ལོའི་དྲ་ལམ་གཏོར་རྒོལ་དེ་བཞིན་གཞུང་འབྲེལ་ཐོག་ནས་རྒྱ་ནག་གཞུང་གི་དྲ་ལམ་གསང་ཉུལ་བ་ APT31 ཡིན་པར་ངོས་འཛིན་གནང་གནང་སྟེ། སྡེ་ཚན་དེའི་འབྲེལ་ཡོད་མི་སྣ་རྣམས་ལ་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ་ཞུས་འདུག

ཐེངས་འདིའི་རྒྱ་གཞུང་དང་འབྲེལ་ཡོད་ཀྱི་དྲ་རྒྱའི་འཐབ་རྒོལ་བར་སྲིད་དོན་ཉེས་ཆད་བཀལ་དགོས་པའི་འབོད་སྐུལ་ཞུས་མཁན་གྱི་གྲོས་ཚོགས་འཐུས་མི་གྲས་སུ། Le Grip དང་། Isabelle Florennes དེ་བཞིན་བློན་ཆེན་ཟུར་པ་ André Vallini སོགས་ IPAC ཡི་ད་ལྟའི་ལས་ཐོག་དང་ལས་བྱེད་ཟུར་པ་སོགས་ཡོད་པ་རེད་འདུག་ལ། གྲོས་ཚོགས་འཐུས་མི་ Le Grip ཡིས། དྲ་ལམ་གསང་ཉུལ་དང་དྲ་ལམ་འཐབ་རྒོལ་གྱི་ཐོག་ལ་གོ་རྟོགས་སྤེལ་རྒྱུ་དང་ཉེན་ཁ་དེ་ལས་གྲོས་ཚོགས་ཀྱི་འཐུས་མི་རྣམས་སྲུང་སྐྱོབ་བྱ་རྒྱུ་ནི་ད་ཆ་ཛ་དྲག་གི་དགོས་མཁོ་ཞིག་ཡིན་ཞེས་གསུངས་འདུག མ་ཟད་ཧྥ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་ Olivier Cadic ཡིས་ཁ་སང་རེས་གཟའ་ཟླ་བའི་ཉིན་གསར་འགོད་གསལ་བསྒྲགས་ཤིག་གི་སྐབས། རྒྱ་ནག་གིས་དྲ་རྒྱའི་འཐབ་རྒོལ་བྱེད་བཞིན་པ་དེར་ཨ་རི་དང་ཨིན་ཡུལ་དང་ནིའུ་ཛ་ལེནཌ་ལྟ་བུའི་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཐད་ཀར་ཉེས་འཛུགས་བྱས་ཡོད་ཀྱང་། ཧྥ་རན་སི་གཞུང་གིས་རྒྱ་ནག་ཐོག་ཉེས་འཛུགས་བྱ་རྒྱུར་གཡོལ་བཞིན་ཡོད་པ་འགྲེལ་བརྗོད་ཀྱིས། ང་ཚོས་ཧྥ་རན་སིའི་མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་སྐུ་ཚབ་རྣམས་ལ་དྲ་ཐོག་ནས་རྒོལ་འཛིང་གི་དཀའ་ངལ་འཕྲད་པའི་ལས་འགུལ་དེ་འདྲ་ཞིག་ལ་ལན་འདེབས་མ་བྱས་པར་སྣང་མེད་དུ་འཇོག་མི་རུང་ཞེས་གསུངས་འདུག

རྩ་བའི་ཟླ་བ་སྔོན་མའི་ནང་ IPAC ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མནའ་འབྲེལ་ལྷན་ཚོགས་དེ་བཞིན་ཐོག་མ་ཆེད་བཙུགས་གནང་མཁན་གྲས་དང་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མྱོང་མཁན། དེ་བཞིན་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ André Gattolin ལགས་ཀྱིས་རྒྱ་རིགས་གསང་ཉུལ་བས་འདས་པའི་ལོ་གཅིག་ལྷག་གི་རིང་སྐུ་ཞབས་ཁོང་གི་གློག་འཕྲིན་ལའང་སིམ་འཛུལ་གྱིས་སྲིད་དོན་གྱི་གལ་ཆེའི་གནས་ཚུལ་དང་རང་ཉིད་སྒེར་གྱི་གནས་ཚུལ་བཅས་རྐུ་འཁྱེར་བྱས་པ་མངོན་གསལ་གནང་ཡོད་ཅིང་། དེ་ནི་རྒྱ་གཞུང་གིས་ཁོང་ལ་ཆེད་དམིགས་ཀྱིས་དྲ་ལམ་གཏོར་རྒོལ་གྱི་ལས་འགུལ་སྤེལ་བ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་ར་སྤྲོད་དང་སྦྲགས། ཁོང་གིས་རྒྱ་ནག་གི་དྲ་ལམ་གཏོར་རྒོལ་གྱི་བྱ་སྤྱོད་ཐོག་ཧྥ་རན་སི་གཞུང་གི་བཞེངས་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་བ་མ་ཟད་གནད་དོན་དེ་རིང་མིན་ཁྲིམས་ལ་གཏུག་འཆར་ཡོད་པ་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།