Tibetan Royal Year of 2151 | Year of the Wood Dragon

གསར་འགོད་རང་དབང་ལ་དྲག་གནོན་བྱེད་མཁན་ཆེས་སྡུག་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་ཧྥ་རན་སི་ནང་བསླེབས་པར་ངོ་རྒོལ།

Tibetan News Headlines

  • India elections and Tibet : Discussion

རེས་གཟའ་ཉི་མ། ༢༠༢༤།༠༥།༡༩

  • རྒྱ་གར་གྱི་འོས་བསྡུ་ཆེན་མོའི་ཁ་ཕྱོགས་དང་བོད་ཀྱི་གནས་བབ་སྐོར་གླེང་མོལ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཡོ་རོབ་སྐོར་བསྐྱོད་དབུ་འཛུགས་དང་འབྲེལ། ཁ་ཉིན་ཚེས་ ༥ ཉིན་ཧྥ་རན་སི་རྒྱལ་ས་པེ་རི་སི་ནང་དུ་འབྱོར་བ་དང་ཁ་སང་ཚེས་ ༦ ཉིན་ཡུལ་དེའི་སྲིད་འཛིན་ Emmanuel Macron མཆོག་ཐུག་འཕྲད་གནང་བཞིན་པའི་སྐབས་སུ། Reporters Without Borders ཞེས་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱི་ངོས་ནས་པེ་རི་སི་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་རྔམ་སྟོན་ཁྲོམ་སྐོར་དང་འབྲེལ། ད་ལྟའི་ཆར་གསར་འགོད་པ་ ༡༠༠ ལྷག་བཙོན་བཅུག་མཁན་དང་འཛམ་གླིང་ནང་གསར་འགོད་རང་དབང་ལ་ཆེས་དམ་དྲག་མཁན་གྱི་རྒྱ་ནག་གཞུང་གི་འགོ་ཁྲིད་ལ། གསར་འགོད་རང་དབང་རྩིས་མེད་རྡོག་རོལ་གྱི་གནད་དོན་སྐོར་གླེང་སློང་མ་གནང་བར་ཧྥ་རན་སི་ནང་དུ་བསུ་བ་ཞུ་རྒྱུ་མེད་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

PHOTO: RSF

དེ་ཡང་ཁ་སང་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་དྲ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་གསར་འགོད་རང་དབང་སྲུང་སྐྱོབ་གནང་མཁན་རྣམས་ལ་སྲིད་གཞུང་གི་དགྲ་བོར་ངོས་འཛིན་གྱིས་དྲག་གནོན་བྱས་ཀྱང་། ཧྥ་རན་སི་གཞུང་གིས་གསར་འགོད་པར་དྲག་གནོན་མཁན་གཙོ་བོ་དེར་རུམ་གདན་དམར་པོའི་ཆེ་མཐོང་དང་འབྲེལ་ནས་དགའ་བསུ་ཞུ་བཞིན་པར་སྐྱོན་བརྗོད་དང་འབྲེལ། ཚོགས་པ་དེའི་ངོས་ནས་ཁ་སང་པེ་རི་སི་གྲོང་ཁྱེར་ནང་དུ་རླངས་འཁོར་ཆེན་པོ་ཞིག་གི་སྟེང་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་བཅུག་བྱས་པའི་གསར་འགོད་པ་རྣམས་ཀྱི་མཚན་གཞུང་འགྲེམས་སྤེལ་དང་། ཚོགས་པའི་ལས་བྱེད་པ་རྣམས་ནས་རྒྱ་ནག་ནང་དུ་གསར་འགོད་རང་དབང་མེད་པ་མཚོན་ཕྱིར་ཁ་ལ་རས་ནག་པོ་བཀབ་ནས་རྔམ་སྟོན་ཁྲོམ་སྐོར་གནང་སྟེ། རྒྱ་ནག་གཞུང་གིས་ད་ལྟའི་ཆར་ཧོང་ཀོང་གི་གསར་འགོད་པ་ ༡༠ གཙོས་ཁྱོན་གསར་འགོད་པ་ ༡༡༩ ཙམ་འཛིན་བཟུང་བཙོན་བཅུག་བྱས་ཡོད་པ་མ་ཟད། རྒྱ་ནག་སྲིད་གཞུང་གིས་གསར་འགོད་རང་དབང་དང་མང་ཚོགས་ཀྱི་གནས་ཚུལ་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་སྟབས། ཧྥ་རན་སི་ལྟ་བུའི་དམངས་གཙོའི་རྒྱལ་ཁབ་ཅིག་ནས་གསར་འགོད་རང་དབང་གི་གླེང་སློང་མེད་པར་རྡུག་རྩུབ་ཅན་གྱི་འགོ་ཁྲིད་དེ་ལྟ་བུ་ཡུལ་དེའི་ནང་དགའ་བསུ་ཞུ་རྒྱུ་མེད་པའི་བརྡ་ལན་གནང་འདུག

PHOTO: RSF

ཚོགས་པ་དེའི་སྤྱི་ཁྱབ་འགན་འཛིན་ལས་རོགས་ Thibaut Bruttin ལགས་ཀྱིས། ཉེ་ཆར་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༤ པའི་ཚེས་ ༡༠ ཉིན་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ Apple Daily གསར་ཁང་གི་ཚོང་བདག་ Jimmy Lai ལགས་ཀྱི་ཁྲིམས་བཤེར་ཐོག་བསྐྱོད་མཁན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ལས་བྱེད་པ་ཞིག་ལ་ཧོང་ཀོང་ནང་བསྐྱོད་རྒྱུར་བཀག་སྡོམ་བྱས་པའི་གནད་དོན་ལུང་འདྲེན་དང་སྦྲགས། ཚོགས་པས་གནས་ཚུལ་རྒྱུས་ལོན་བྱས་པ་དང་། ད་ལྟ་ཧྥ་རན་སི་གཞུང་གིས་ཞི་ཅིན་ཕིང་ལ་རྒྱལ་ཁབ་ཀྱི་སྐུ་མགྲོན་གྱི་ཆེ་མཐོང་ཐོག་ནས་བསུ་བ་བྱས་བཞིན་པ་གཉིས་རྩ་བ་ནས་མཐུན་གྱི་མེད་སྐོར་གྱིས། ད་ལན་ཞི་ཅིན་ཕིང་ཕྷ་རན་སིར་བསླེབས་པའི་གོ་སྐབས་དམ་འཛིན་གྱིས་གཞུང་ངོས་ནས་ཞི་ཅིན་ཕིང་གཞུང་འཛིན་གྱིས་རྒྱ་ནག་ནང་དུ་གསར་འགོད་པའི་ཐོག་ལ་དྲག་གནོན་མཚམས་འཇོག་བྱ་རྒྱུའི་དམ་བཅའ་བླང་དགོས་པ་གསུངས་འདུག

PHOTO: RSF

ཁ་སང་རྔམ་སྟོན་ཁྲོམ་སྐོར་ཁྲོད། ས་གནས་ཉེན་རྟོག་པ་བསླེབས་ནས་རླངས་འཁོར་གྱི་ཁ་ལོ་བར་མོ་ཊའི་སྟེང་དུ་གསར་འགོད་པའི་མཚན་གཞུང་འཁོད་པའི་བརྙན་མེད་པ་བཟོ་དགོས་ཞེས་བརྗོད་པ་མ་ཟད། རླངས་འཁོར་གཡར་མཁན་གྱི་ཚོང་ལས་ཁང་དུ་ཕྱིན་ནས་འདྲི་རྩད་བྱས་ཡོད་སྟབས། ཉེན་རྟོག་པའི་བྱེད་ཕྱོགས་དེ་དག་ནི་ལས་འགུལ་བ་རྣམས་ལ་འཇིགས་སྐུལ་བྱས་པའི་རྣམ་པར་ངོས་འཛིན་བྱེད་བཞིན་འདུག

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་ད་དུང་། དེ་སྔ་ཕྱི་ལོ་ ༢༠༢༡ ལོར་འདོན་སྤེལ་བྱས་པའི་ The Great Leap Backwards of Journalism in China ཞེས་པའི་དེ་གའི་སྙན་ཐོ་ལུང་འདྲེན་དང་སྦྲགས། སྲིད་འཛིན་ཞི་ཅིན་ཕིང་གིས་ཕྱི་ལོ་ ༢༠༡༢ ལོར་སྲིད་དབང་འཛིན་པ་ནས་བཟུང་། རྒྱ་ནག་ནང་དུ་དངོས་ཡོད་གནས་ཚུལ་མཁོ་སྤྲོད་དང་རྒྱུས་ལོན་བྱེད་པ་གཉིས་ཀ་ཉེས་དོན་དུ་རྩིས་པ་ནི་སྔ་མོ་མའོ་དུས་སྐབས་ལྟ་བུའི་ཁོར་ཡུག་བསྐྲུན་ཡོད་པ་དང་། རྒྱ་ནག་གི་ Great Firewall ཞེས་པའི་དྲ་རྒྱའི་ལྟ་སྲུང་འཕྲུལ་ལས་དང་མི་ས་ཡ་བརྒལ་བའི་དྲ་རྒྱའི་ལྟ་སྲུང་ཚན་པ་གཉིས་ནས་རྒྱ་ནག་ནང་དྲ་རྒྱ་སྤྱོད་མཁན་གྱི་མང་ཚོགས་ཐེར་འབུམ་བརྒལ་བར་ཕྱི་ཕྱོགས་ཀྱི་གནས་ཚུལ་ཤེས་རྟོགས་མེད་པ་བཟོས་བ་དང་། སྒེར་གྱི་འབྲེལ་ལམ་ནང་དུ་གཞུང་ལ་སྐྱོན་བརྗོད་ཀྱི་གླེང་སློང་བྱས་མིན་གྱི་ལྟ་སྲུང་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་ནང་གི་གཞུང་སྒེར་གང་རུང་གི་གསར་འགོད་བརྒྱུད་ལམ་རྣམས་ལ་ཉིན་ལྟར་སྲིད་གཞུང་གིས་གླེང་སློང་བྱེད་ཆོག་པ་དང་མི་ཆོག་པའི་ཐོ་གཞུང་སྤྲད་པའི་བརྒྱུད་བོད་ཀྱི་གནད་དོན་དང་། གཞུང་ལ་སྐྱོན་བརྗོད་རིགས། དེ་བཞིན་ལྐོག་ཟ་དང་སྤྱི་ཚོགས་ཟིང་འཁྲུག་གི་གནད་དོན་སྐོར་གནས་ཚུལ་སྦས་བསྐུངས་དང་གླེང་སློང་དམ་དྲག་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

མ་ཟད་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ལོ་ངོ་ ༢༦ རྗེས་སུ་ཁུལ་དེའི་ནང་གསར་འགོད་རང་དབང་ལ་ཉམས་རྒུད་ཤུགས་ཆེ་ཕྱིན་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༢༠ ལོ་ནས་ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་སྒྲིག་འོག་ཉུང་མཐར་གསར་འགོད་པ་ ༢༨ ཙམ་འཛིན་བཟུང་བྱས་པའི་ཁོངས་ནས། མ་ཉེས་ཁ་གཡོག་འོག་ཚེ་བཙོན་གྱི་ཁྲིམས་ཆད་ཕོག་སྲིད་པའི་ Jimmy Lai གཙོས་པའི་གསར་འགོད་ ༡༠ ཙམ་ད་ལྟའང་བཙོན་འཇུག་འོག་ཡོད་པ་སོགས་ཀྱང་ཞིབ་ཕྲ་ངོ་སྤྲོད་གནང་འདུག

གཞི་རྩའི་ཟླ་བ་འདིའི་ཚེས་ ༣ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ངོས་ནས་རྒྱལ་སྤྱིའི་ཁྲོད་གསར་འགོད་རང་དབང་གི་གནས་སྟངས་དང་འབྲེལ་བའི་ལོ་འཁོར་སྙན་ཐོ་འདོན་སྤེལ་གནང་བའི་ནང་དུའང་། འཛམ་གླིང་རྒྱལ་ཁབ་ ༡༨༠ ཁྲོད་ཧོང་ཀོང་དེ་བཞིན་གསར་འགོད་རང་དབང་ཐད་ལོ་ ༢ སྔོན་ཨང་ ༡༨ ཡིན་སར་ད་ཆ་ཨང་ ༡༣༥ ལ་བསླེབས་ཡོད་པ་དང་། ཕྱོགས་མཚུངས་རྒྱ་ནག་དེ་བཞིན་ཨང་ ༡༧༢ ཏེ་གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་གྲས་སུ་མིང་འདོན་བྱས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།