Tibetan Royal Year of 2151 | Year of the Wood Dragon

བཀའ་ཤག་གིས་གསུམ་པའི་བཅིུས་ཉིན་མོ་དེ་བེུད་ཉིན་མོར་སྲུང་བརྩི་ཞུ་རྒྱུ་ཡིན་གསུངས་པ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལམ་སྟོན་གནང་དོན་ལྟར་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་དབུས་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་སོང་།

དེ་རིང་ཟླ་ ༢ ཚེས་ ༢༡ ཉིན་སྔ་དྲོ་ཚོུད་  ༩ །༠༠ སྟེང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བེུད་ནུས་སྟོབས་གོང་སྤེལ་ཚན་པས་གོ་སྒྲིག་འོག་བཞུགས་སྒར་དུ་རྟེན་གཞི་བྱས་པའི་དབུས་བོད་ཀྱི་སྨན་རྩིས་ཁང་དུ་བོད་ཀྱི་སྨན་རྩིས་ཁང་གི་ཚོགས་ཁང་དུ་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚོགས་ཆེན་ཐེངས་དང་པོ་དབུ་འཛུགས་གནང་སོང་བ་དང་ཆབས་ཅིག སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གིས་འདི་ལོ་ནས་གསུམ་པའི་བཅིུས་ཏེ་བེུད་སྒེར་ལངས་ཀྱི་ཉིན་མོ་དེ་བེུད་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་གསལ་བསྒྲགས་བསྐྱངས་གནང་ཡོད་པ་རེད།

ཉིན་གསུམ་རིང་ཚོགས་རྒྱུའི་ཚོགས་ཆེན་འདིའི་ཐོག་རྒྱ་གར་དང་བལ་ཡུལ། དེ་བཞིན་ཕྱི་རྒྱལ་བཅས་ཀྱི་ས་ཁུལ་མི་འདྲ་བ་ ༥༣  ནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། དེ་བཞིན་མཐོ་སློབ་ཁག་སློབ་སྦྱོང་གནང་བཞིན་པའི་བེུད་སྐུ་ཚབ་ ༣༠༠ ཙམ་ཕེབས་འདུག

ཚོགས་ཆེན་གོ་སྒྲིག་གནང་མཁན་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་བོད་མིའི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུས་ཕྱི་ནང་གི་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་ཡོངས་ལ་མཚམས་འདྲི་དང་སྦྲགས། ཚོགས་ཆེན་འདི་ནི་ད་ལྟའི་བཀའ་ཤག་གིས་དེ་སྔ་ ༢༠༠༨ ལོར་གཏན་འབེབས་གནང་པའི་བེུད་ཀྱི་ནུས་ཤུགས་གོང་སྤེལ་གྱི་སྲིད་བྱུས་དང་འབྲེལ། ཚོགས་ཆུང་གཅིག་ཆེད་བཙུགས་ཀྱིས་དུས་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ་དགོས་མཁོའི་རིགས་སྣོན་འཕྲི་སྤོར་གཅོག་དང་བསྐྱར་བཅོས་གནང་སྟེ་ཉེ་ཆར་ཟླ་ ༢ ཚེས་ ༢ ཉིན་གཏན་འབེབས་གནང་པ་ཞིག་ཆགས་ཀྱི་ཡོད་པ་ངོ་སྤྲོད་དང་། ལྷག་པར་དུ་ཚོགས་ཆེན་འདིའི་དགོས་དམིགས་གཙོ་བོ་ནི་བེུད་ཚོར་ཕྱོགས་གང་སྤྱིའི་ཐོག་ནས་ནུས་པ་འདྲ་མིན་ཡོད་པ་ཁག་སྤྱི་ཚོགས་ནང་བཏོན་མ་ནུས་པའམ་བཏོན་མ་ཐུབ་པའི་རྒྱུ་རྐྱེན་ཇི་ཡིན་བཙལ་གཅོད་གཏང་རྒྱུ་དེ་ཡིན་པ་གསུངས་ཡོད་པ་རེད། ད་དུང་ནང་སྲིད་བཀའ་བློན་མཆོག་གིས་སྤྱིར་བོད་པའི་སྤྱི་ཚོགས་ཀྱི་ལམ་ལུགས་དང་ཁྲིམས་སྒྲིག་གཞི་གང་དུའང་ཕོ་མོའི་དབར་ལ་དབྱེ་འབྱེད་རིགས་མེད་ཅིང་། དེ་སྔ་བོད་ནང་གི་ལུང་ཁུག་ས་གནས་རེ་ཟུང་ནང་ཁྱོ་གས་བཟའ་ཟླར་ཉེས་རྡུང་པ་བཏང་པ་བྱུང་ཡོད་པ་དེ་ནི་སྤྱི་ཚོགས་ཀྱི་གནས་སྟངས་མ་ཤེས་པ་དང་ཡུལ་ལུང་གི་གོམས་གཤིས་ངན་པའི་དབང་གིས་ཡིན་སྐོར་གསུངས་ཡོད།

ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཛིན་སྐྱོང་གི་ངོས་ནས་སྒྲིག་འཛུགས་ནང་ཕོ་མོ་དབྱེ་འབྱེད་རིགས་སྤུ་ཙམ་ཡང་མེད་ཅེས་གསུངས་པ་དང་སྦྲགས། ཚོགས་ཆེན་འདི་ནི་སྤྱི་ཚོགས་ནང་འདྲ་མཉམ་དང་དབྱེ་འབྱེད་མེད་པ་གཞི་བཞག་ནས་མ་ཡིན་པར་གཙོ་བོ་བོད་ཀྱི་བེུད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་དེ་གལ་ཆེར་ངོས་འཛིན་གནང་པའི་ཐོག་ནས་བེུད་ལ་ཤེས་ཡོན་གྱི་ཆ་ནས་སློབ་ཡོན་དང་། འཕྲོད་བསྟེན་གྱི་ཆ་ནས་མ་དང་བྱིས་པའི་ལས་འཆར། ནང་སྲིད་ལས་ཁུངས་སུ་བེུད་སྟོབས་སྤེལ་བའི་ཚན་པ་ཟུར་བཙུགས་སོགས་འཛིན་སྐྱོང་ནས་དེའི་ཐད་དུས་ཀྱི་འགྱུར་འགྲོས་ལ་གཞིགས་ཏེ་མཐུན་འགྱུར་གང་མང་དང་གང་ཐུབ་སྦྱར་དང་སྦྱོར་མུས་ཡིན་སྐོར་གསུངས་གནང་སོང། ད་དུང་སྲིད་སྐྱོང་མཆོག་གིས་སྐབས་དེར་ཚོགས་བཅར་བ་ཡོངས་ལ་བཀའ་ཤག་ནས་གཏམ་བཟང་ཞིག་ཡོད་ཅེས་གསུངས་ཏེ་འདི་ལོ་ནས་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་མོ་དེ་བེུད་ཉིན་མོར་སྲུང་བརྩི་གནང་རྒྱུའི་ཐག་གཅད་གནང་སྐོར་གསུངས་ཡོད། ཁྱད་པར་དུ་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་ཐེངས་འདིའི་ཚོགས་ཆེན་ཐོག་ནས་གཙོ་བོ་བཀའ་ཤག་གིས་གཏན་འབེབས་གནང་པའི་བེུད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས་དོན་ཚན་བདུན་ཅན་དེ་ཚགས་ཚུད་ཡོང་མིན་གཙོ་བོ་ས་གནས་ས་གནས་ཐོག་ཏུ་ལག་བསྟར་གནང་ཕྱོགས་ལ་རག་ལུས་ཡོད་པ་ལམ་སྟོན་གནང་ཡོད།

ཚོགས་ཆེན་འདིའི་རིང་ལ་མཁས་པ་དང་གནད་ཡོད་མི་སྣའི་གསུང་བཤད་གོ་སྒྲིག་གནང་ཡོད་པ་བཞིན། དེ་རིང་དབུ་འབྱེད་མཛད་སྒོ་གྲུབ་བསྟུན་གནད་ཡོད་མི་སྣས་གསུང་བཤད་ཀྱི་ཐོག་མར་ཆོར་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་བོད་ཀྱི་ཆོས་རིག་ནང་བེུད་ཀྱི་གནས་བབ་སྐོར་དང་། དེའི་རྗེས་སུ་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་བེུད་འགོ་ཁྲིད་ཀྱི་གནད་འགག་གླེང་བ་ཅེས་པའི་ཐོག་གསུང་བཤད་དང་དེའི་ཐོག་ལ་དྲི་བ་དྲིས་ལན་བཅས་གནང་སོང་། ཉིན་རྒྱབ་ཏུ་ཚོགས་ཆུང་ཁག་བདུན་དུ་ཆ་བགོས་ཀྱིས་ཤེས་ཡོན་དང་འཕྲོད་བསྟེན། དེ་བཞིན་དཔལ་འབྱོར་སོགས་བརྗོད་གཞི་ལྔའི་ཐོག་ལ་གྲོས་བསྡུར་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།