དེ་རིང་གི་གྲོས་ཚོགས་ཐོག་བཀའ་ཤག་ངོས་ནས་མ་འོངས་པར་གློ་བུར་གྱི་གནས་སྟངས་ཅི་འདྲ་ཞིག་གི་རྐྱེན་པས་བཀའ་ཤག་མེད་པ་དང་། ཡང་ན་བཀའ་སྤྱི་གཉིས་ཀ་མེད་པའི་གནས་སྟངས་ཤིག་ཤར་ཚེ། གློ་བུར་ངེས་མེད་གཞུང་གྲོན་གཏོང་ཕྱོགས་དང་འབྲེལ་བའི་གཞུང་འབྲེལ་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཞིག་ཕེབས་སོང་།

དེའང་དེ་རིང་གི་གྲོས་ཚོགས་སུ་དཔལ་འབྱོར་བཀའ་བློན་མཆོག་གི་ངོས་ནས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང་འབྲེལ་གཞུང་འབྲེལ་བསྐྱར་བཅོས་ཁྲིམས་འཆར་ཞིག་བསྣམས་ཕེབས་པ་དེའི་ནང་བཀའ་ཤག་མེད་སྐབས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ནས་བཀའ་འཁྲོལ་དང་བཀའ་སྤྱི་གཉིས་ཀ་མེད་སྐབས་བཀའ་དྲུང་གི་གཙོ་སྐྱོང་འོག་དམིགས་བསལ་སྡེ་ཚན་ཁག་གི་ལས་ཁུངས་དང་བཀའ་བློན་ལས་ཁུངས་ཁག་གི་དྲུང་ཆེ་ལྷན་ཚོགས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་ནས་གྲོས་ཆོད་བཞག་སྟེ་དགོས་དངུལ་བཀའ་འཁྲོལ་སྤྲོད་ཆོག་ཞེས་བསྐྱར་བཅོས་ཚིག་བརྗོད་གསར་སྣོན་གནང་འདུག
གྲོས་ཚོགས་སུ་དེ་འབྲེལ་བསྐྱར་བཅོས་ཁྲིམས་འཆར་དེའི་བརྗོད་པ་དང་པོའི་ཐོག་ཕེབས་སྐབས། སྤྱི་འཐུས་ཁག་གཅིག་ནས་དེར་ཐུགས་འཚབ་ཀྱིས་དེ་ནི་སྤྱི་ཡོངས་ཀྱི་སྒྲོམ་གཞིར་འགྱུར་བ་ཆེན་པོ་ཞིག་ཡོང་གི་ཡོད་པར་ངོས་འཛིན་གནང་གི་ཡོད་པ་དེ་ལྟར་ཡང་ད་ལྟའི་བཀའ་ཤག་གིས་སྒྲིག་འཛུགས་འདི་ཉིད་སྒོ་བརྒྱག་རྒྱུའི་གནས་སྟངས་ཤིག་ལ་གཟིགས་ནས་དེ་ལྟ་བུའི་བསྐྱར་བཅོས་བསྣམས་ཕེབས་དོན་ཇི་ཡིན་དང་ལྷག་པར་སྒྲིག་གཞི་དེའི་ནང་ཚོགས་དྲུང་ལས་ཁུངས་མ་བཅུག་པའི་རྒྱུ་མཚན་གསལ་བཤད་དགོས་པའི་དགོངས་ཚུལ་ཕུལ་མཁན་ཡང་བྱུང་སོང་།
ཡང་སྤྱི་འཐུས་ལ་ལས་ད་ལྟའི་བསྐྱར་བཅོས་ཚིག་བརྗོད་གསར་པ་དེར་དགོངས་གཞིའི་ཐོག་ནས་དོགས་པ་གང་ཡང་མེད་ཀྱང་མ་འོངས་པ་སྒྲིག་གཞི་དེ་ཉིད་བོ་ལུག་པའི་གཞི་རྩ་ཞིག་ལ་གྱུར་མིན་གྱི་དྲི་བ་དང་ཐབས་ལམ་དེ་ཉིད་བརྟེན་པའི་ཐོག་ནས་མ་འོངས་དཀའ་ངལ་རིགས་བྱུང་ཚེ་ད་ལྟའི་མཉམ་འབྲེལ་དང་རང་སྐྱོང་སྡེ་ཚན་ཁག་གི་གནས་སྟངས་བཞིན་འགྱུར་རྒྱུར་གོམ་པ་མདུན་སྤོས་གནང་པ་རེད་ཅེས་གསུངས་སྐབས། སྲིད་སྐྱོང་མཆོག་གིས་ད་ལྟའི་བསྐྱར་བཅོས་ཚིག་བརྗོད་གསར་པ་དེའི་བརྒྱུད་དམིགས་ཡུལ་ལྟེ་བ་བོད་མིའི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཡོང་ཐབས་ཆེད་ཡིན་པ་མ་གཏོགས་སྒྲིག་འཛུགས་དེ་ཉིད་མཉམ་འབྲེལ་དང་རང་སྐྱོང་སྡེ་ཚན་གྱི་ངོ་བོར་འགྱུར་རྒྱུའི་དགོངས་པ་གཏིང་ནས་མེད་ལ་དེ་ལྟ་བཟོ་རྒྱུའི་གནས་སྟངས་རྩ་བ་ནས་མེད་ཅེས་ལན་འདེབས་གནང་སོང་།

ལྷག་པར་སྲིད་སྐྱོང་མཆོག་གིས་ད་རེས་བཀའ་ཤག་གི་བསྣམས་པའི་བསྐྱར་བཅོས་ཚིག་བརྗོད་གསར་པར་མོས་མཐུན་མེད་ཚེ་དེ་རིང་བརྗོད་པ་དང་པོ་གྲུབ་རྗེས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་དེའི་ཐོག་གཟིགས་ཞིབ་གནང་རྒྱུ་བྱུང་ན་དོ་ནན་པོ་ཡོང་བར་ཕན་ཐོགས་ཡོད་ཅིང་ཁྲིམས་སྒྲིག་གང་བཟོས་པ་དེ་ངེས་པར་དྲང་བདེན་ཡོང་བ་དགོས་རྒྱུ་གལ་ཆེན་ཡིན་པ་གསུངས་སོང་།
གཞན་ཡང་དེ་རིང་གི་གྲོས་ཚོགས་སུ་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དང་། དེ་བཞིན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཙམ་མ་ཟད། ལྷག་པར་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཞིག་ཕེབས་ཡོད། དེའང་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་ཚོགས་ཆུང་གི་ལས་བསྡོམས་དང་ཁྲིམས་སྒྲིག་བསྐྱར་བཅོས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༢༤ སྙན་སྒྲོན་གྱིས་དེའི་དོན་ཚན་ཁག་གི་བརྗོད་པ་དང་པོའི་ཐོག་ཕེབས་སྐབས། སྤྱི་འཐུས་ཁག་གཅིག་གིས་བསྐྱར་བཅོས་ཁྲིམས་འཆར་གྱི་ཚིག་བརྗོད་གསར་པའི་ནང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་གསུམ་གྱི་འགན་འཛིན་རྣམ་པ་འཕོ་འགྱུར་དང་འབྲེལ། སྤྱི་འཐུས་སུ་ཞིག་གིས་འབྲེལ་ཡོད་འགན་འཛིན་ལས་འཁུར་ནས་འཕོ་འགྱུར་གཏོང་དགོས་ཀྱི་གྲོས་འཆར་བཏོན་ཚེ་རང་ཉིད་ཀྱིས་མཚན་རྟགས་བཀོད་ནས་སྙན་ཤོག་གྲོས་ཚོགས་ཚོགས་འདུ་མ་འཚོག་གོང་ཚོགས་དྲུང་ལས་ཁུངས་སུ་ཉུང་མཐར་ཉིན་ ༤༥ སྔོན་གཏོང་དགོས་སྐོར་བསྐྱར་བཅོས་ཚིག་བརྗོད་གསར་སྣོན་གནང་བར་ཐུགས་འཚབ་དང་འབྲེལ་མ་འོངས་པར་ཆ་རྐྱེན་དེ་རིགས་ཀྱིས་སྤྱི་འཐུས་སུ་ཞིག་གིས་འགན་འཛིན་ཞིག་འཕོ་འགྱུར་གཏོང་རྒྱུ་ལས་སླ་པོ་ཆགས་རྒྱུ་མ་ཟད་གནད་དོན་དེ་རིགས་ཡང་ཡང་འབྱུང་རྒྱུའི་གནས་སྟངས་ཤིག་ཆགས་མ་སྲིད་པ་མ་རེད་ཅེས་གསུངས་མཁན་ཡང་བྱུང་སོང་།

དེ་བཞིན་ཚིག་བརྗོད་གསར་པའི་ནང་རང་དབང་ཅན་གྱི་སྡེ་ཚན་ཁག་འཕོ་འགྱུར་གཏོང་ཕྱོགས་དང་འབྲེལ་མི་འགྲོ་ ༥ ལས་གྲུབ་པའི་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུ་བཀོད་པ་དེ་བཅའ་ཁྲིམས་ནང་གསལ་མེད་སྟབས་དེས་བཅའ་ཁྲིམས་ཀྱི་ལྗིད་ཁོག་དང་ཁྱད་པར་འགྲོ་མིན་ཐད་དོགས་འདྲི་ཕེབས་སོང་བ་དང་སྐབས་དེར་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་དེ་ནི་གཙོ་བོ་འདས་ཟིན་པའི་རྙོག་གླེང་དང་ཉམས་མྱོང་ལ་གཞིགས་པའི་བསྐྱར་བཅོས་དེ་ཉིད་བསྣམས་ཕེབས་པ་ཞིག་ཡིན་ཞིང་། ལྷག་པར་གྲོས་ཚོགས་ནང་རང་དབང་སྡེ་ཚན་ཁག་གི་སྐུ་ཚབ་རྣམས་མེད་སྟབས་ཚོགས་ཆུང་དེའི་ནང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་སྐུ་ཚབ་རྣམ་པ་འདུ་སྐོང་གིས་འབྲེལ་ཡོད་ལས་དོན་ཁག་ལ་རྟོག་ཞིབ་མཐིལ་ཕྱིན་གྱིས་གཅིག་གྱུར་ཡོང་ཆེད་ཡིན་པ་གསུངས་ཡོད།
གཞན་ཡང་དེ་རིང་གི་གྲོས་ཚོགས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བཀའ་སྤྱི་གཉིས་ཀྱི་གཙོས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་མཛད་གཙོ་རྣམ་པའི་ཕོགས་དང་ཟུར་ཕོགས ལས་ཐོན་ཕོགས་ཐོབ་དང་ཐོབ་ཐང་གཞན་གྱི་སྒྲིག་གཞི་བསྐྱར་བཅོས་ཁག་གཅིག་ཕེབས་པ་མ་ཟད། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་གཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར་དང་། དཔང་རྟགས་རྩ་འཛིན་གྱི་ཁྲིམས་ཡིག ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་གི་ཁྲིམས་འཆར་བཅས་ཕེབས་པ་དེ་ལྟར་ཡང། དེ་རིང་བསྐྱར་བཅོས་ཁྲིམས་འཆར་དེ་དག་གི་བརྗོད་པ་དང་པོའི་ཐོག་ཕེབས་པ་མ་གཏོགས། བརྗོད་པ་གཉིས་པ་དང་གཏན་འབེབས་བཅས་རྗེས་སུ་རིམ་པས་ཕེབས་ཀྱི་ཡོད་པ་རེད།




