Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་ཕྱག་རྡོར་སྐྱབས་ལགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་གནང་པ།

Tibetan News Headlines

  • His Holiness the Dalai Lama confers Mahakala Blessing (Gonpo Jenang)
  • In depth: Taiwan’s new government policy on Tibet and China

རེས་གཟའ་སྤེན་པ། ༢༠༢༤།༠༥།༡༨

  • ༸གོང་ས་མཆོག་གིས་མགོན་པོའི་རྗེས་གནང་གི་ཆོས་འབྲེལ་བཀའ་དྲིན་སྩལ་བ།
  • ཐེ་ཝན་གཞུང་འཛིན་གསར་པས་བོད་དང་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་སྐོར།

ཟླ་བ་འདིའི་ཚེས་ ༢ ཉིན་རྒྱ་གཞུང་གིས་དབྱེ་བའི་ཀན་སུའི་ཞིང་ཆེན་ཀན་ལྷོ་ཁུལ་གསང་ཆུ་རྫོང་ཁོངས། འབོ་ར་ནང་བོད་མི་ཕྱག་རྡོར་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་པའི་གནས་ཚུལ་ཐོན་ནས་ཉིན་གྲངས་ ༡༠ ཕྱིན་པའི་དུས་མཚམས་འདིར། ཁ་སང་རེས་གཟའ་ཕུར་བུ་ཉིན་བཞུགས་སྒར་རྡ་རམ་ས་ལའི་གསེར་སྐྱ་མང་ཚོགས་རྣམས་ནས་ཕྱག་རྡོར་སྐྱབས་ལགས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་གནང་སོང།

ཁ་སང་ཚེས་ ༡༡ ཉིན་གྱི་ཕྱི་དྲོ་ཚོུད་  ༦ སྟེང་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ས་གནས་བོད་ཀྱི་བེུད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གསུམ་ཐུན་མོང་གིས་གོ་སྒྲིག་འོག ས་གནས་མང་ཚོགས་ནས་རྡ་ས་མེག་གྷན་རླངས་འཁོར་འབབ་ཚུགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འཁྲིས་སུ་ཡོད་པའི་དཔའ་བོའི་རྡོ་རིང་བར་དུ་མར་མེ་ཁྲོམ་སྐོར་གནང་སོང།

སྐབས་དེར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ཀྱིས་བོད་མདོ་སྨད་འབོ་ར་ནང་བོད་མི་ཕྱག་རྡོར་སྐྱབས་ལགས་ཀྱིས་ཉིན་གྲངས་ ༡༠ སྔོན་ལ་རང་ལུས་མེར་བསྲེགས་གནང་ཡོད་པ་ལྟར། རྒྱ་གཞུང་གིས་ཆེས་དམ་དྲག་རྐྱེན་པས་ད་བར་ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་མེད་པར་ལུས་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་པ་དང་སྦྲགས། དེ་རིང་སང་ཉིན་མང་ཚོགས་ཁྲོད་ཁག་ཅིག་གི་བསམ་བློ་ལ་རང་ལུས་མེར་སྲེག་གནང་པ་དེ་ཕན་ཐོགས་ཇི་ཡོད་སྐོར་གླེང་སློང་གནང་བཞིན་ཡོད་ནའང་། ཁོང་གིས་བལྟས་ན་དེས་རྒྱལ་སྤྱིའི་ཁྱོན་ལ་བརྡ་ལན་གལ་ཆེ་གསུམ་སྤྲོད་ཐུབ་ཀྱི་ཡོད་པ་རེད། དེ་ནི་བོད་ནང་ལ་རྒྱ་གཞུང་གིས་དྲག་གནོན་ཆེ་བའི་སྲིད་བྱུས་འོག་ཏུ་ང་ཚོ་བོད་མི་ཚོ་བཟོད་དཀའ་བའི་ངལ་བ་འཕྲད་བཞིན་ཡོད་པ་དང་། བོད་ནང་ལ་རྒྱ་གཞུང་གིས་དུས་ད་ལྟ་བར་དུ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་སྲིད་བྱུས་རབས་དང་རིམ་པ་ལག་བསྟར་བྱེད་མུས་ཡིན་ཀྱང་། བོད་མི་ཚོས་ང་ཚོ་བོད་རྒྱལ་ཁབ་ཀྱི་མི་རིགས་དང་ཆོས་རིག སྐད་ཡིག ལྷག་དོན་༸གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་རྒྱུ་སོགས་ཀྱི་ཆེད་དུ་ཚེ་སྲོག་བློས་གཏོང་གནང་པར་འཇིགས་པ་གནང་གི་མེད་པ་མ་ཟད། ཁྱད་པར་དུ་བོད་ཀྱི་འཐབ་རྩོད་དེ་༸གོང་ས་མཆོག་གིས་དབུ་ཁྲིད་པའི་འཚེ་མེད་ཞི་བའི་འཐབ་རྩོད་ཅིག་ཡིན་སྐོར་སོགས་དོན་གནད་གསུམ་གྱི་ཐོག་ནས་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་གསུགང་ཡོད།

དེ་བཞིན་ཁོང་གིས་བོད་ནང་ལ་རྒྱ་གཞུང་གིས་ཆེས་སྡུག་རྩུབ་ཆེ་བའི་སྲིད་བྱུས་དེའི་དབང་གིས་ད་བར་བོད་ནང་བོད་མི་ ༡༤༩ ནས་རང་ལུས་མེར་བསྲེགས་གནང་བའི་གནས་ཚུལ་བྱུང་ཡོད་པ་དང། དེའི་ཁོངས་ནས་མི་ ༡༡༨ འདས་གྲོངས་སུ་གྱུར་ཡོད་པ། དེ་བཞིན་ད་ལན་ཕྱག་རྡོར་སྐྱབས་ལགས་ཀྱིས་གཙོས་རང་ལོ་ ༡༨ མན་གྱི་རང་ལུས་མེར་སྲེག་གནང་མཁན་བོད་མི་ ༢༦ བྱུང་ཡོད་སྟབས། ད་བར་འཛམ་གླིང་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་སོགས་གསུངས་སོང།

གཞི་རྩའི་ཕྱག་རྡོར་སྐྱབས་ལགས་ནི་འབྲིང་རིམ་སློབ་གྲྭའི་སློབ་མ་ཞིག་ཡིན་པ་དང་ཟླ་ ༥ ཚེས་ ༢ ཉིན་ཁོང་གིས་རང་ལུས་མེར་སྲེག་གནང་ས་དེ་འབོ་ར་དགོན་པའི་གླིང་གི་ནང་དུ་རེད་འདུག ཁོང་གིས་རང་ལུས་སྲེག་གནང་སྐབས་བོད་ལ་རང་དབང་དགོས། ༸རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་བཅུག་དགོས་ཅེས་སྐད་འབོད་གནང་བཞིན་དུ་འབོ་ར་ཡུལ་ཚོའི་ས་གནས་སྲིད་གཞུང་གི་ལས་ཁུངས་ཕྱོགས་སུ་རྒྱུག་ཐབས་བྱས་ཡོད་ཀྱང་།  མེ་ལྕེ་ཆེན་པོའི་ཁྲོད་རིང་པོ་མ་འགོར་བར་ས་ལ་འགྱེལ་ཡོད་པ་དང། དེ་མ་ཐག་ས་གནས་རྒྱ་གཞུང་ཉེན་རྟོག་པ་སླེབས་ནས་ཁོང་བཙན་འཁྱེར་བྱས་ཡོད་པ་རེད། ད་ལྟའི་ཆར་ས་གནས་སུ་རྒྱ་གཞུང་གིས་དམ་དྲག་རྐྱེན་པས་ཞིབ་ཕྲའི་གནས་ཚུལ་ཤེས་དཀའ་བའི་གནས་སྟངས་ཆགས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།