Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་དབུ་འཛུགས།

Tibetan News Headlines

  • བོད་ཀྱི་བེུད་། བལ་ཡུལ་ལྷ་མོ་ཚོགས་པའི་ཚོགས་མི་དང་གློག་བརྙན་འཁྲབ་སྟོན་པ་འཕྲིན་ལས་ལྷ་མོ་ལགས་དང་ལྷན་ཁོང་གི་སྒྱུ་སྩལ་གྱི་ལམ་བུའི་སྐོར་གླེང་མོལ།

རེས་གཟའ་ཉི་མ། ༢༠༢༤།༠༥།༠༥

  • Women of Tibet: In conversation with Thinley Lhamo, member of Nepal Tibetan opera and star in Nepalese film ‘Shambala’

དེ་རིང་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་འདི་ཉིད་དབུ་འཛུགས་དང་། ཐེངས་འདིའི་ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་གནས་སྡོད་ས་གནས་ཁག་ ༤༥ ནས་ཚོགས་བཅར་པ་ཁྱོན་བརྒྱ་ལྷག་ལྷན་འཛོམས་ཐོག་གཙོ་བོ་གྲོས་གཞི་དོན་ཚན་དགུའི་ཐོག་གྲོས་བསྡུར་གནང་རྒྱུ་རེད་འདུགདེ་ཡང་དེ་རིང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ Imperial Heights གསོལ་མགྲོན་ཁང་དུ་སྔ་དྲོ་ཕྱག་ཚོད་དགུ་པའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་ལས་ཐོག་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་ཆེད་འབོད་སྐུ་མགྲོན་རྡ་སའི་འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajay Singh Mankotia ལགས་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Ajit Nehria ལགས་བཅས་དབུ་བཞུགས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་གཉིས་ཀྱི་ཚོགས་གཙོ་ཚོགས་གཞོན་གཙོས་ཁྱོན་ཚོགས་མི་གྲངས་བརྒྱ་ལྷག་ལྷན་འཛོམས་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༨ པ་འདི་ཉིད་དབུ་འཛུགས་གནང་སོང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་ ༡༧ པའི་དབུས་སྤྱི་ཁྱབ་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས། ཚོགས་ཆེན་དང་འབྲེལ་བའི་གསུང་བཤད་གནང་བའི་ཁྲོད། ཁོང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་བརྙེས་པ་ནས་བཟུང་དགྲ་བོ་རྒྱ་དམར་གྱི་སྡང་ཟུག་ལ་མ་ལྟོས་པར་ད་བར་ལོ་ངོ་ ༥༢ རིང་ལ་ཚོགས་པ་འདིའི་ངོས་ནས་བོད་དོན་འཐབ་རྩོད་ཐད་ནུས་པ་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་དང་སྤྱི་ཚོགས་ཞབས་ཞུ་གྲུབ་པ་སོགས་གལ་ཆེའི་ལས་དོན་སྤེལ་བ་ཁག་ངོ་སྤྲོད་དང་འབྲེལ། རྒྱ་དམར་གཞུང་གིས་བོད་ནང་དུ་མི་རིགས་རྩ་མེད་གཏོང་ཐབས། དེ་བཞིན་བོད་དེ་ཉིད་རྒྱ་སྡེར་འགྱུར་ཐབས་དང་འབྲེལ་བའི་བོད་མིའི་སེམས་ནང་རྨ་ཁ་བཟོ་བའི་བྱ་སྤྱོད་འདྲ་མིན་སྤེལ་བཞིན་པ་མ་ཟད། དམ་བསྒྲགས་ཇི་ཙམ་བྱས་ཀྱང་། གཞིས་བྱེས་བོད་མི་རྣམས་ཀྱི་སེམས་ཤུགས། སྙིང་སྟོབས་སོགས་ལ་དོ་ཕོག་རྩ་བ་ནས་བཏང་ཐུབ་མེད་པ་ལྟར། བོད་མི་རྣམས་ནས་ད་དུང་མུ་མཐུད་སྐུ་ལས་བསྐྱོན་དགོས་པ་དང་ཆབས་ཅིག ལྷག་པར་དུ་དེང་སྐབས་ཏོག་དབྱིབས་གཉན་རིམས་རྐྱེན་པས་རྒྱལ་སྤྱིའི་ཁྲོད་རྒྱ་ནག་ལ་དོགས་ཟོན་དང་གདོང་ལེན་བྱེད་བཞིན་པའི་གནས་སྟངས་འོག་ང་ཚོས་ངོས་ནས་ནུས་པ་གང་ཐུབ་བཏོན་རྒྱུའི་དུས་ལ་བབ་ཡོད་པ་བཞིན་དེ་འབྲེལ་ལས་འགུལ་སྤེལ་རྒྱུ་ཡིན་པར་མང་ཚོགས་ནས་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་།

མ་ཟད་བཙན་བྱོལ་བོད་མི་རྣམས་ལ་གཞིས་ལུས་བོད་མི་རྣམས་ཀྱི་མངོན་འདོད་དང་རེ་བ་གྲུབ་རྒྱུའི་འགན་ཡོད་པ་བཞིན་ནང་ཕན་ཚུན་གྱི་ཆ་མ་མཐུན་པ་རྣམས་བཞག་ནས་རྒྱལ་ཁབ་དང་འཐབ་རྩོད། མི་རིགས་ཀྱི་ལྟ་བ་དེ་གལ་ཆེར་འཛིན་པའི་ཐོག་འདུན་བསྐྱོད་གནང་དགོས་པའི་འབོད་སྐུལ་ཞུས་གནང་སོང་།ཡང་དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ཕྱི་ནང་གི་གནས་སྟངས་དང་རྒྱ་ནག་གི་ཆབ་སྲིད་ཀྱི་འགྱུར་ལྡོག དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་བཅས་གསུམ་གྱི་གལ་གནད་ཐོག་གསུང་བཤད་གནང་བ་དང་འབྲེལ། བོད་ནང་རྒྱ་གཞུང་གིས་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དང་དྲག་པོའི་སྲིད་བྱུས་ཇི་ཙམ་སྤེལ་མིན་ལ་མ་ལྟོས་པར་གཞིས་ལུས་བོད་མི་རྣམས་ནས་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་ཐོག་བོད་དོན་འཐབ་རྩོད་གནང་བཞིན་པ་མ་ཟད། བཙན་བྱོལ་བོད་མི་རྣམས་ལ་ཡིད་ཆེད་བློ་གཏད་དང་རེ་བ་གནང་གི་ཡོད་པ་གསལ་བཏོན་དང་སྦྲགས། བཙན་བྱོལ་བོད་མི་རྣམས་ནས་མི་མཐུན་པའི་ཆ་རྣམས་ལ་གུ་ཡངས་དང་གོ་བསྡུར་སྦྱང་ཤེས་གནང་སྟེ། བཟང་ཕྱོགས་དང་མཐུན་ཕྱོགས་གྱི་གནད་དོན་ཐོག་ལ་ཤུགས་རྒྱག་དགོས་གལ་ཡིན་པ་གསུངས་ཡོད།ཚོགས་གཙོ་མཆོག་གིས་ད་དུང་། དེང་སྐབས་རྒྱ་ནག་ནང་དུ་ཆབ་སྲིད་ཀྱི་འགྱུར་བ་ཞིག་གཏན་གཏན་འགྲོ་བཞིན་ཡོད་སྐོར་དང་འབྲེལ། བོད་མི་རྣམས་ནས་རྒྱ་ནག་གི་གནས་སྟངས་ལ་གཞིགས་སྟེ་བོད་ཀྱི་གནས་བབ་དེ་ཇི་ལྟར་སླར་གསོ་བྱ་དགོས་མིན་ཐོག་བསམ་བློ་གཏང་དགོས་གལ་ཡིན་པ་དང་། དེ་བཞིན་དེང་སྐབས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་འགྱུར་བ་འགྲོ་བཞིན་པ་དང་འབྲེལ་ནས། རྒྱལ་སྤྱིའི་གླེང་སྟེགས་གལ་ཆེ་ཁག་གི་ཐོག་ལ་བོད་དོན་ཚུད་ཐབས་གནང་དགོས་གལ་ཡིན་པ་མ་ཟད། བོད་མི་མང་ཚོགས་དང་ལྷག་པར་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་ནས་དེའི་ཐོག་ནུས་པ་འདོན་ཐུབ་རྒྱུ་ཡིན་པ་བཞིན་དེ་ལྟར་གནང་དགོས་གལ་ཡིན་པ་གསུངས་ཡོད།

དེ་བཞིན་མཛད་སྒོའི་ཐོག་ཆེད་དུ་འབོད་པའི་རྒྱ་གར་གྱི་སྐུ་མགྲོན་སྐུ་ཞབས་ Ajay Singh Mankotia ལགས་དང་ Ajit Nehria ལགས་གཉིས་ཀྱིས། བོད་དང་རྒྱ་གར་དབར་ལོ་རྒྱུས་དང་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་ཡོད་པ་བཞིན་རྒྱ་གར་གཞུང་མང་གཉིས་ནས་བོད་དོན་ལ་རྒྱབ་སྐྱོར་ཟོལ་མེད་གནང་མུས་ཡིན་སྐོར་དང་འབྲེལ། བོད་མི་རྣམས་ནས་རང་མི་རིགས་ཀྱི་འཐབ་རྩོད་དང་ཆོད་སེམས་སྲ་བརྟན་ཐོག་གནས་དགོས་པ་དང་། བོད་དོན་འཐབ་རྩོད་ཐད་གོ་སྐབས་ནམ་ཡིན་ལ་ནུས་པ་གང་ཡོད་བཏོན་ནས་ཕྱག་ལས་གནང་དགོས་པའི་སྐུལ་མ་གནང་སོང་།རྩ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་བཞིན་བཙན་བྱོལ་དུ་ཐོག་མར་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་པའི་སྒྲིག་གཞི་གཞིར་བཟུང་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་དང་། དེ་སྔ་ཚོགས་ཆེན་སྐབས་ ༡༧ ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་ལག་བསྟར་ཐུབ་མིན་གྱི་ཞིབ་བཤེར། རྒྱལ་བའི་༸སྐུ་ཕྱྭའི་གནད་དོན། མ་འོངས་ཆབ་སྲིད་དང་བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན། དེ་བཞིན་དམངས་གཙོའི་གོ་རྟོགས་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྤེལ་ཕྱོགས་སོགས་གྲོས་གཞི་དོན་ཚན་ ༩ ཐོག་གོ་བསྡུར་གནང་གི་ཡོད་པ་དང་། ཚོགས་ཆེན་འདི་བཞིན་ཕྱི་ཟླ་ ༩ ཚེས་ ༡ བར་ཉིན་གྲངས་ ༦ རིང་ཚོགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།