མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཟེར་བའི་ཆུ་དམར་ལེབ་རྫོང་ནས་ཡིན་པའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་བློ་བཟང་ལུང་རིགས་ལགས་ཕྱི་ལོ་ ༢༠༢༤ ལོར་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས་སུ་ད་བར་ལོ་གཅིག་ལྷག་གི་རིང་ཁོང་བཙོན་ཁང་གང་དུ་ཡོད་མེད་དང་། གཟུགས་གཞིའི་གནས་སྟངས་ཇི་འདྲ་ཡོད་པ་སོགས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་འདུག

རྩ་བའི་དགུང་ལོ་ ༥༡ ལ་ཕེབས་པའི་དགེ་བཤེས་བློ་བཟང་ལུང་རིགས་ལགས་ནི་ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༢༥ ཉིན་ཆུ་དམར་ལེབ་རྫོང་དུ་འཁྲུངས་ཤིང་། ༡༩༨༢ ལོར་བ་ཁྲི་རྒྱུ་ཆེན་སྐུ་ཕྲེང་བཅུ་གཅིག་པར་ངོས་འཛིན་ཞུས་པ་དང་། ལྷ་སའི་སེ་ར་དགོན་དུ་མི་ལོ་ ༢༡ རིང་སློབ་གཉེར་གནང་སྟེ་ཕྱི་ལོ ༢༠༠༢ ཟླ་ ༧ པར་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཁང་གི་བཀའ་བསྟན་དཀར་ཆག་རྩོམ་སྒྲིག་ཁང་གི་སློབ་སྟོན་པར་བསྐོ་བཞག་བྱས། དེ་ནས་ཕྱི་ལོ་ ༢༠༠༣ ལོར་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གཉེར་ཁང་ནས་སློབ་མཐར་ཕྱིན་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༣ པར་མཚོ་སྔོན་དགེ་འོས་སློབ་ཆེན་ནས་རབ་འབྱམས་པའི་མཚན་གནས་ཐོབ་ཡོད་འདུག
མ་ཟད་དགེ་བཤེས་བློ་བཟང་ལུང་རིགས་ལགས་འཇུ་བཟུང་མ་བྱས་གོང་མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་དང་། སྐྱེ་རྒུ་མདོ་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་འགན་འཛིན་གཞོན་པ། དེ་བཞིན་སྐྱེ་རྒུ་མདོ་སྲིད་གྲོས་ཀྱི་དབུ་འཛིན་གཞོན་པ་བཅས་ཀྱི་ཐུགས་འགན་བཞེས་ཡོད་ཅིང་། ཕྱི་ལོ་ ༡༩༩༩ ལོར་སྐྱེ་རྒུ་མདོ་ནང་བསྟན་མཐུན་ཚོགས་ཀྱི་སྤྱི་ཁྱབ་འགན་འཛིན་ཡང་གནང་ཡོད་པ་རེད་འདུག
དེ་རིང་བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དགེ་བཤེས་བློ་བཟང་ལུང་རིགས་ལགས་ཕྱི་ལོ་ ༢༠༢༤ ཟླ་ ༡༢ པའི་ནང་སྐྱེ་རྒུ་མདོ་ནས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་པ་ནི། རྒྱ་གར་ནས་ཕྱིར་ལོག་གིས་དེ་གར་སློབ་གཉེར་གནང་མཁན་གྱི་དགེ་བཤེས་ཞིག་ལ་རོགས་རམ་གནང་བའི་ཉེས་འཛུགས་དང་འབྲེལ་བ་ཡོད་སྲིད་པ་དང་ཁོང་ནི་ཆབ་མདོ་ཚ་བ་ནས་ཡིན་ཞིང་། རྒྱ་གཞུང་གིས་དགེ་བཤེས་ཁོང་འཇུ་བཟུང་བཀའ་རྒྱ་བཏང་རྗེས་དགོན་པ་ནས་ཕྱིར་འབུད་ཀྱིས་ཆུ་དམར་ལེབ་ཏུ་བྲོས་བྱོལ་ཕེབས་དགོས་བྱུང་ཡོད་འདུག
གནས་ཚུལ་མཁོ་སྤྲོད་མཁན་གྱིས་འགྲེལ་བརྗོད་གནང་བར་གཞིགས་ན། དགེ་བཤེས་བློ་བཟང་ལུང་རིགས་ལགས་ཀྱིས་རོགས་གནང་ཡུལ་དགེ་བཤེས་ཁོང་རྗེས་སུ་བ་དགོན་དགོན་པར་འདས་གྲོངས་སོང་ཡོད་ཀྱང་། འདས་གྲོངས་སོང་བའི་ཞིབ་ཕྲའི་དུས་ཚོད་ཁ་གསལ་མེད་ཅིང་། འབྲེལ་ཡོད་དབང་འཛིན་པས་བློ་བཟང་ལུང་རིགས་ལགས་ཀྱིས་དགེ་བཤེས་དེར་རོགས་རམ་བྱས་པ་དང་ཕྱི་རྒྱལ་དུ་དངུལ་བཏང་བའི་ཉེས་འཛུགས་བྱས་ཡོད་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༢༦ ཉིན་རྒྱ་ནག་གཞུང་འབྲེལ་གྱི་རྒྱུད་ལམ་ནང་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་བློ་བཟང་ལུང་རིགས་ལགས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་གྱི་གོ་གནས་མེད་པ་བཟོས་ཡོད་ཅིང་། ཐག་གཅོད་ཀྱི་གསལ་བསྒྲགས་ནང་མིང་འཁོད་པའི་མི་གཞན་གཉིས་སྟེ། མ་ཕེང་ཧྲེང་དང་ཀྲའོ་ཤུས་ཀྲང་གིས་སྒྲིག་འགལ་བྱས་པའི་ཉེས་འཛུགས་བྱས་ཡོད་ཀྱང་། བློ་བཟང་ལུང་རིགས་ལགས་དང་འབྲེལ་བའི་གནས་ཚུལ་ཁ་གསལ་བརྗོད་མེད་སྟབས། དེའི་ཐོག་ནས་ཁོང་ལས་གནས་ནས་ཕུད་པ་དང་འཇུ་བཟུང་བྱས་པ་ནི་ཆབ་སྲིད་རང་བཞིན་གྱི་གནས་ཚུལ་ཞིག་ཡིན་སྲིད་པའི་དོགས་པ་བྱེད་ཀྱི་ཡོད།
ད་ལྟའི་ཆར་རྒྱ་ནག་གཞུང་གིས་དགེ་བཤེས་བློ་བཟང་ལུང་རིགས་ལགས་འཇུ་བཟུང་བྱས་པའི་ཁྲིམས་ཐོག་གི་རྒྱུ་རྐྱེན་གང་ཡིན་ཁ་གསལ་འགྲེལ་བརྗོད་བྱས་མེད་ལ། ཁོང་གང་དུ་ཡོད་མེད་དང་ཁྲིམས་ཐོག་གི་རོགས་རམ་ཐོབ་མིན་སོགས་གསལ་བཤད་གང་ཡང་བྱས་མེད་པ་རེད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། དགེ་བཤེས་བློ་བཟང་ལུང་རིང་ལགས་གཙོས་བོད་ནང་གི་བོད་མི་མང་པོ་ཞིག་རྒྱ་ནག་གཞུང་གིས་དོན་མེད་འཇུ་བཟུང་བཀག་ཉར་གྱིས་གར་སོང་ཆ་མེད་དང་བཙོན་ཁང་ནང་འདས་གྲོངས་གྱུར་བ་སོགས་ཀྱི་གནས་ཚུལ་རིམ་པ་ཐོན་བཞིན་པ་ནི། འགྲོ་བ་མིའི་ཐོབ་ཐང་ལ་འགལ་འཛོལ་ཆེན་པོ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་དང་སྦྲགས། དེ་ནི་གཙོ་བོ་ཉེ་བའི་ལོ་འགའི་ནང་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་འོག་བོད་ཀྱི་ཆོས་རིག་སྐད་ཡིག་བཅས་པ་རྩ་མེད་གཏོང་ཐབས་ལ་དམིགས་པ་ཞིག་ཡིན་ཞིང་། ལྷག་པར་སྲིད་བྱུས་དེའི་འོག་བོད་ནང་ཤུགས་རྐྱེན་ཆེན་པོ་སྤྲོད་ཐུབ་མཁན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་དང་ཤེས་ཡོན་སློབ་གསོ་བ་བཅས་ལ་དམིགས་འབེན་དུ་བཟུང་གི་ཡོད་པར་ནན་བརྗོད་གནང་སོང་།



