Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་ ༦༥ སྲུང་བརྩི་བརྒྱུད་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་རྒྱུར་དམ་བཅའ་འཇོག་པ།

Tibetan News Headlines

  • US religious freedom watchdog warns of sinicization and assimilation of Tibetan religious and cultural identities
  • US sanctions 31 China-based companies over Russia
  • Xi Jinping to meet French President Macron and EU Chief in Paris next week
  • CTA begins house allocation programmes for Tibetans not facilitated in the refugee settlements
  • Dharamshala hosts conference on promotion and preservation of Tibetan language

རེས་གཟའ་ཕུར་བུ། ༢༠༢༤།༠༥།༠༢

  • རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་ལ་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མངོན་གསལ་གནང་འདུག
  • ཨ་རིའི་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ལས་ཁང་ ༣༡ ལ་སྲིད་དོན་ཉེས་ཆད་བཀལ་བ།
  • ཞི་ཅིང་ཕིང་གིས་ཕ་རན་སིའི་སྲིད་འཛིན་དང་ཡོ་རོབ་མཐུན་ཚོགས་ཀྱི་གཙོ་འཛིན་ཐུག་འཕྲད་བྱ་འཆར།
  • བོད་མི་སྡོད་ཁང་མེད་པ་རྣམས་ལ་རུབ་སྡོད་གཞིས་སྒར་ནང་སྡོད་ཁང་བགོས་འགྲེམས་ཀྱི་ལས་གཞི་དངོས་སུ་དབུ་འཛུགས།
  • བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་དབུ་འཛུགས།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་ཁ་གསུམ་གྱི་བུད་མེད་རྣམས་ནས་རྒྱ་ནག་གཞུང་གི་དབང་སྒྱུར་ལ་ཞི་རྒོལ་སྒེར་ལངས་གནང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཉིན་མོ་ཞིག་ཡིན་པ་ལྟར།   དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འདབས་སུ་ཡོད་པའི་ཆོལ་གསུམ་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་མདུན་དུ་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་བོད་ཀྱི་བུད་མེད་རང་དབང་སྒེར་ལངས་ཐེངས་ ༦༥ སྲུང་བརྩི་ཞུས་སོང་།

དེ་རིང་ཟླ་ ༣ ཚེས་ ༡༢ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩.༣༠ སྟེང་སྐུ་མགྲོན་གཙོ་བོ་རྡ་རམ་ས་ལའི་གྲོང་སྡེ་སྤྱི་ཁྱབ་པ་ལྕམ་སྐུ་ Ninu Sharma ལགས་དང་བོད་མི་མང་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་གཙོས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་དང་ལས་ཀྱི་སྣེ་མོ་བ་ཁག་ཅིག  གཞུང་འབྲེལ་མིན་པའི་སྐུ་ཚབ་རྣམ་པ། རྡ་སའི་དགོན་སྡེ་ཁག་གི་བཙུན་མ། བོད་ཁྱིམ་སློབ་ཕྲུག དེ་བཞིན་བུད་མེད་མང་ཚོགས་བཅས་མཉམ་འཛོམས་ཐོག་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་ཡི་རང་དང་རྗེས་དྲན་ཞུས་པ་མ་ཟད། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་དྷ་ཤོད་ཀ་ཅ་རཱི་བར་རྔམ་སྟོན་གོམ་བགྲོད་བརྒྱུད་ཉིན་མོ་དེ་སྲུང་བརྩི་ཞུས་སོང་།

March 12 Commemoration

མཛད་སྒོའི་ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་སྒྲོག་སྦྱང་གནང་བ་དང་སྦྲགས། འདས་པའི་མི་ལོ་ ༦༥ རིང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་རྒྱ་དམར་གྱི་དྲག་གནོན་འོག་བོད་མི་འབུམ་ཁྲག་མང་པོ་ཚེ་སྲོག་ཤོར་བའི་རྗེས་དྲག་གནོན་གྱི་ཉིན་མོ་ཞིག་ཏུ་ངོས་འཛིན་དང་། ལྷག་དོན་བོད་བསྟན་སྲིད་མི་རིགས་སླད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་དང་བོད་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བའི་ཁོང་རྣམ་པའི་རེ་བ་དང་རྨི་ལམ་དེ་དག་ནམ་ཡང་མ་བརླག་པར་བསྒྲུབ་ཐུབ་པ་གནང་རྒྱུ་ནི་ང་ཚོའི་སྐབས་བབ་ཀྱི་འོས་འགན་ཞིག་ཡིན་ལ་མ་འོངས་པའང་བོད་ཀྱི་བདེན་པའི་འཐབ་རྩོད་རྒྱུན་འཁྱོངས་གནང་རྒྱུར་དམ་བཅའ་བཞག་སོང་།

March 12 Commemoration

དེ་བཞིན་ཁོང་གིས་ཉེ་ཆར་བོད་ཁམས་སྡེ་དགེ་ནང་ཆུ་མཛོད་གསར་རྒྱག་གིས་བོད་མིའི་འགྲོ་སྡོད་ཀྱི་རང་དབང་ལ་བརྩི་སྲུང་མེད་པར་བཙན་དབང་གིས་གནས་སྤོས་བྱས་བཅུག་པ་དེ་ནི་དངོས་ཡོད་ཛ་དྲག་གནས་སྟངས་ཀྱི་དཔེ་མཚོན་ཞིག་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་དེར་ཐུགས་སྣང་ནན་པོ་གནང་དགོས་པའི་འབོད་སྐུལ་ཞུས་པ་དང་ཆབས་ཅིག འདས་པའི་མི་ལོ་ ༦༥ ཧྲིལ་པོའི་རིང་རྒྱལ་སྤྱིའི་ནང་བོད་དོན་ལ་དྲང་བདེན་གྱི་རྒྱབ་སྐྱོར་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་དང་སླད་མར་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བ་གསུངས་སོང་།

སྐུ་མགྲོན་གཙོ་བོ་རྡ་སའི་གྲོང་སྡེ་སྤྱི་ཁྱབ་ལྕམ་སྐུ་ Ninu Sharma ལགས་ཀྱིས་དེ་རིང་བུད་མེད་སྒེར་ལངས་ཀྱི་ཉིན་མོར་འཛོམས་པའི་ བུད་མེད་དང་སློབ་ཕྲུག དེ་བཞིན་མང་ཚོགས་ཀུན་ལ་འཚམས་འདྲི་ཞུས་པ་དང་འབྲེལ་ནས་རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྙིང་སྟོབས་ལ་རྗེས་དྲན་གྱིས་ད་ལྟའི་དུས་སྐབས་འདིར་བུད་མེད་ཚོས་སྐྱེ་པ་ཕོ་ལས་ལྷག་པའི་ཐུགས་འགན་བཞེས་ཐོག་ཕྱག་ལས་གནང་བཞིན་ཡོད་པས་སླད་མར་དེ་ལྟ་བུའི་སྙིང་སྟོབས་ལྡན་པའི་བུད་མེད་གང་མང་ཐོན་དགོས་གལ་ཡིན་པ་གསུངས་སོང་།

March 12 Commemoration

དེ་རིང་སྔ་དྲོ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གཞུང་འབྲེལ་བུད་མེད་རང་དབང་སྒེར་ལངས་ཉིན་མོའི་མཛད་སྒོ་གྲུབ་རྗེས། རྡ་ས་ཁུལ་གྱི་བོད་ཀྱི་བུད་མེད་རྒན་བྱིས་དར་གསུམ་གྱི་ཕྱག་ཏུ་བོད་ཀྱི་རྒྱལ་དར་དང་། བོད་ལ་རང་དབང་རང་བཙན་དགོས། རྒྱལ་ཚོགས་ནས་བོད་དོན་ལ་རྒྱབ་སྐྱོར་དགོས། བོད་ལ་དྲག་གནོན་མཚམས་འཇོག་དགོས། ཞེས་པའི་འབོད་ཚིག་བཀོད་པའི་འཕྲེད་དར་སོགས་བསྣམས་ཏེ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྒྱལ་སྒོའི་མདུན་ནས་དབུ་འཛུགས་ཐོག་དྷ་ཤོད་ཀ་ཅ་རཱི་བར་རྔམ་སྟོན་གྱི་གོམ་བགྲོད་གནང་ཡོད་པ་རེད།

རྩ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་དྲག་པོའི་དབང་སྒྱུར་ལ་ཞི་རྒོལ་གནང་ཆེད་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་ཐོག་མར་ཆེད་འཛུགས་གནང་ཡོད་པ་དང། ཕྱི་ལོ་ ༡༩༨༤ ལོར་སླར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་བཙན་བྱོལ་དུ་སླར་གསོ་གནང་ཡོད།  ད་ཆ་རྒྱ་གར་གཙོས་ས་གནས་ཁག་མི་འདྲ་བ་ ༥༨ དང་ཚོགས་མི་སྟོང་ཕྲག་ཉི་ཤུ་ལྷག་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་གྲས་ཤིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།