Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པ་དབུ་འཛུགས།

Tibetan News Headlines

  • Former political prisoner Namkyi’s brave Journey: From Protest, Imprisonment to Eventual Escape to India

རེས་གཟའ་སྤེན་པ། ༢༠༢༤།༠༥།༠༤

  • རྒྱ་གཞུང་གི་མནར་གཅོད་འོག་༸རྒྱལ་བ་རིན་པོ་ཆེར་དད་གུས་གཡོ་མེད་དུ་གནས་པའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས།

བོད་དང་རྒྱ་གར། ཡོ་རོབ། ཨ་རི་སོགས་ཀྱི་སྤྱི་ཚོགས་དང་ཁོར་ཡུག་འདྲ་མིན་ནང་འཚར་ལོངས་བྱུང་ཞིང་བོད་མིའི་སྒྲིག་འཛུགས་དང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཏུ་ཕྱག་ལས་གནང་མྱོང་ཡོད་པ་དང་བོད་དོན་ལ་ཐུགས་སྣང་ཆེ་བའི་བོད་མི་འགས་མ་སྐུལ་དང་བླངས་ཐོག་ཕྱི་ལོ་ ༢༠༢༢ ལོ་ནས་ The Future of Tibet བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་བཞུགས་མོལ་ལྷན་ཚོགས་ཤིག་གོ་སྒྲིག་ཞུ་བཞིན་ཡོད་པ་ལྟར། བཞུསག་མོལ་ལྷན་ཚོགས་ཐེངས་ལབཞི་པ་དེ་རིང་བཞུགས་སྒར་གྱི་ཉེ་འཁྲིས་སུ་ཡོད་པའི་ཨིམ་ཕི་རལ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།  

ཉིན་གྲངས་ལྔ་རིང་འཚོགས་རྒྱུའི་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པའི་ཐོག་རྒྱ་གར་གྱི་ས་གནས་ནས་འདྲ་མིན་དང་ཕྱིའི་རྒྱལ་ཁབ་དྲུག་ཙམ་ནས་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་མི་གྲངས་ ༡༠༠ ཙམ་མཉམ་ཞུགས་གནང་འདུག་པ་དང་། ལྷན་ཚོགས་ཐོག་ཚོགས་བཅར་བ་རྣམ་པས་བོད་དང་རྒྱ་ནག རྒྱ་གར་བཅས་ཀྱི་ཡུལ་བབ་སྲིད་བྱུས་དང་། བོད་མིའི་ངོ་བོ། ཆིག་སྒྲིལ། ས་གནས་དང་མི་རབས་མི་འདྲ་བའི་བོད་དབར་གྱི་འབྲེལ་ལམ། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་རྒྱུའི་བར་རྒལ་གྱི་དུས་རིམ་ནང་འཕྲད་སྲིད་པའི་དཀའ་ངལ་ཁག་ལ་གདོང་ལེན་གནང་ཕྱོགས་སོགས་ཀྱི་ཐོག་གསུང་བཤད་དང་གྲོས་བསྡུར་གནང་གི་ཡོད་པ་རེད།  

ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་གིས་བཞུགས་མོལ་ལྷན་ཚོགས་ཐོག་གཞོན་སྐྱེས་མི་ཉུང་བ་ཞིག་མཉམ་ཞུགས་གནང་བར་དགའ་བསུའི་འཚམས་འདྲི་གནང་སྟེ། ང་ཚོ་ཚང་མ་ལས་དབང་གཅིག་འགྱུར་གྱི་ཐོག་ནས་བོད་མི་དང་བོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་བ་གཅིག་མཚུངས་ཡིན་པ་དང་། ད་ལྟའི་ཆར་རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་གནས་སྟངས་འོག་བོད་ཀྱི་ཐུན་མིན་ཆོས་རིག་དང་སྐད་ཡིག་བཅས་པ་ཉམས་རྒུད་དུ་འགྲོ་རྒྱུའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་ང་ཚོའི་མི་རབས་ལ་ཡོད་པའི་ལས་འགན་དང་པོ་དང་གཙོ་བོ་དེ་བོད་མིའི་རང་དབང་འཐབ་རྩོད་ལེན་གནང་རྒྱུ་དེ་ཆགས་ཡོད་ཅེས་གསུངས་ཡོད།  

ད་ལྟའི་རྒྱལ་སྤྱིའི་ཆབ་སྲིད་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པའི་གནས་སྟངས་ཁྲོད་དུ་འདས་པའི་ལོ་ངོ་བཅུ་ཕྲག་ནང་བྱུང་མྱོང་མེད་པའི་ང་ཚོའི་རང་དབང་འཐབ་རྩོད་ལ་ཤུགས་རྐྱེན་བཟང་པོ་ཐེབས་རྒྱུའི་ཆབ་སྲིད་ཀྱི་ཁོར་ཡུག་ཞིག་འཐོན་བཞིན་པ་མཐོང་ཐུབ་ཀྱི་འདུག་ཅེས་དང་སྦྲགས། བོད་དོན་འཐབ་རྩོད་ལ་སྔར་ལས་ལྷག་པའི་རེ་བ་ཆེ་རུ་ཕྱིན་ཡོད་ཅེས་གསུངས་ཏེ་བོད་ཀྱི་གནད་དོན་འདི་ཐག་གཅོད་བྱུང་བར་བོད་ནང་གི་ཆབ་སྲིད་གནས་བབ་དང་བོད་མིའི་གནས་སྟངས། རྒྱ་ནག་སྲིད་གཞུང་གི་སྲིད་བྱུས་དང་ཆབ་སྲིད་གནས་བབ། རྒྱལ་སྤྱིའི་ཆབ་སྲིད་གནས་བབ་དང་རྒྱ་ནག་ལ་ལྟ་སྟངས། ༸གོང་ས་མཆོག་གི་༸སྐུ་ཚེ་དང་བཙན་བྱོལ་བོད་མིའི་གནས་བབ་བཅས་ནི་བོད་ཀྱི་གནད་དོན་འདིར་ཐག་གཅོད་གནང་རྒྱུའི་ཆ་རྐྱེན་གནད་ཆེ་ཞིག་ཆགས་ཡོད་པར་ཞིབ་རྒྱས་ངོ་སྤྲོད་གནང་སོང་། 

༸གོང་ས་མཆོག་གི་༸སྐུ་ཚེ་དང་བཙན་བྱོལ་བོད་མིའི་གནས་བབ་སྐོར་གསུངས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ད་ཆ་ང་ཚོ་མི་རབས་གཉིས་གསུམ་བརྗེ་པོ་ཐེབས་ཟིན་ཡོད་ཀྱང་བོད་ཀྱི་རྩ་དོན་དང་བོད་མིའི་འཐབ་རྩོད་འདི་བོད་ཕྱི་ནང་གཉིས་སུ་སོན་པོ་དང་ནུས་ལྡན་ངང་གནས་ཐུབ་ཡོད་པར་མ་ཟད། མགོན་པོ་༸གང་ཉིད་མཆོག་གིས་ཀྱང་ཡང་ནས་ཡང་དུ་༸སྐུ་ཚེ་ཡུན་དུ་བརྟན་པའི་བཀའ་བཞེས་ཟབ་མོ་སྨིན་སྩལ་མཛད་དོན་ལྟར། ང་ཚོའི་ངོས་ནས་མགོན་པོ་༸གང་ཉིད་མཆོག་གི་དགོངས་གཞི་དང་ཞལ་བཞེས་ལ་ཡིད་ཆེས་གཙང་མ་ཞུ་ན་འགྲིག་གི་རེད་ཅེས་གསུངས་ཡོད།

ང་ཚོས་༸གོང་ས་མཆོག་ལ་དྲིན་ལན་ལོག་མཇལ་དུ་མ་སོང་བར་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པ་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བོད་མིའི་བདེན་དོན་འཐབ་རྩོད་ལ་འབད་གལ་ཡིན་སྐོར་གསུངས་པ་དང་ཆབས་ཅིག བར་ལམ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཕྲད་བཞིན་དཀའ་ངལ་དེ་དག་ལས་ཕྱིར་བཤོལ་མ་གནང་བར་མདུན་སྐྱོད་ཀྱིས་ངལ་བ་སེལ་ཐབས་གནང་གནད་ཆགས་ཡོད་པ་སོགས་གསུངས་སོང་།

ལས་གཞི་དེ་དབུ་འཛུགས་གནང་མཁན་ཁོངས་སུ་ཡོད་པ་སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་གི་བསམ་ཚུལ་མི་གཅིག་པ་ཡོད་མཁན་ཚང་མ་ལྷན་ཅིག་ཏུ་འཛོམས་ཏེ་གུ་ཡངས་པོའི་ཐོག་ནས་གྲོས་བསྡུར་དང་སྦྱང་བཤད་གནང་རྒྱུའི་གོ་སྐབས་བསྐྲུན་དགོས་གལ་ཡིན་པ་སོགས་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་ཞུགས་མོལ་ལྷན་ཚོགས་ཀྱི་དགོས་དམིགས་སོགས་ངོ་སྤྲོད་གནང་ཡོད།

གཞི་རྩའི་བོད་དོན་ལ་ཐུགས་སྣང་ཆེ་བའི་བོད་མི་འགས་མ་སྐུལ་དང་བླངས་ཐོག་གོ་སྒྲིག་ཞུ་བཞིན་པའི་ The Future of Tibet བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཅེས་པའི་བཞུགས་མོལ་ལྷན་ཚོགས་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༤ ནང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༡༡ ནང་ཡོ་རོབ་ཕ་རན་སིའི་རྒྱལ་ས་པེ་རིས། ཐེངས་གསུམ་པ་དེ་འདི་ལོའི་ཕྱི་ཟླ་ ༤ ནང་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་བཅས་སུ་ཚོགས་ཡོད་པ་དང་། བཞུགས་སྒར་དུ་ཐེངས་བཞི་པ་དེ་མ་ཚོགས་པའི་གོང་ལ་ཕྱི་ཚེས་ ༣ ཉིན་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་དུ་བོད་ཀྱི་མདུན་ལམ་དང་རྒྱ་གར་གྱི་གལ་གནད་ཅེས་པའི་བརྗོད་གཞིའི་ཐོག་མཁས་པའི་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རམ་ཞིག་གནང་ཡོད་པ་རེད། 

དེ་རིང་བཞུགས་སྒར་ཉེ་འཁྲིས་སུ་དབུ་འཛུགས་གནང་བའི་བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་ཀྱི་བཞུགས་མོལ་ལྷན་ཚོགས་ཐེངས་བཞི་པ་དེ་ཉིད་ཕྱི་ཚེས་ ༡༠ བར་ཁྱོན་ཉིན་གྲངས་ལྔ་རིང་ཚོགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།