Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཐེངས་འདིའི་ཞོ་སྟོན་དེ་བཞིན་ཟླ་བ་འདིའི་ཚེས་ ༡༠ ནས་དབུ་འཛུགས་ཀྱིས་ཁ་སང་ཕྱི་ཚེས་ ༢༢ བར་ཉིན་གྲངས་ ༡༣  རིང་བཞུགས་སྒར་བོད་ཀྱི་ཟློས་གར་ཚོགས་པའི་དོ་རར་གཟིགས་འབུལ་ཞུས་ཡོད་པ་དང་། ཁ་སང་ཞོ་སྟོན་གྱི་མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ས་གནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་ཁག་གི་སྐུ་ཚབ་རྣམ་པ། ཉེ་འཁོར་སློབ་གྲྭ་ཁག་ཅིག་གི་དགེ་སློབ། དེ་བཞིན་སེར་སྐྱ་མི་མང་གཅིག་སྟོང་བརྒལ་བ་བཅས་ཚང་འཛོམས་ཐོག་བོད་ཀྱི་ཟློས་གར་ཚོགས་པས་རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་གཟིགས་འབུལ་ཞུས་ཏེ་ལེགས་གྲུབ་ངང་མཇུག་སྒྲིལ་གནང་སོང་།

Shoton 27

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་དེར་བཙན་བྱོལ་ནང་༸གོང་ས་མཆོག་གི་ཐུགས་རྗེ་བཀྲིན་དང་བོད་མིའི་མི་ཐོག་རྒན་པ་ཚོས་སྐུ་ལས་དུ་མ་བསྐྱོན་པར་བརྟེན་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཉམས་པ་སླར་གསོ་གནང་ཐུབ་ཡོད་སྐོར་གསུངས་པ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་འདི་དམིགས་བསལ་གནད་ཆེ་ཞིག་ཏུ་ངོས་འཛིན་གྱིས་དེ་སྔ་ཚོགས་པའི་ཞོ་སྟོན་དང་མ་འོངས་དེ་འབྲེལ་འཚོགས་རྒྱུའི་ཞོ་སྟོན་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱིས་དཔལ་འབྱོར་གྱི་མཐུན་འགྱུར་གཙོས་ཕྱག་རོགས་གང་ཐུབ་ཞུ་རྒྱུ་ཡིན་ཞེས་གསུངས་སོང་།

མ་ཟད་ད་རེས་བོད་ཀྱི་ཞོ་སྟོན་ཐེངས་ ༢༧ པའི་ཐོག་འཁྲབ་སྟོན་པ་མང་དག་ཅིག་སློབ་ཕྲུག་གཙོས་མི་རབས་གཞོན་པ་ཚོ་ཆགས་ཡོད་པ་དང་། ལྷག་པར་རྡ་སྟེང་དང་ Chauntra བོད་ཁྱིམ་སོགས་ནས་ཐེངས་འདིའི་ཞོ་སྟོན་ཐོག་མཉམ་བཞུགས་གནང་ཐུབ་པར་ཡི་རངས་བསྔགས་བརྗོད་དང་སྦྲགས། སཾ་བྷོ་ཊའི་སློབ་གྲྭའི་དགེ་སློབ་རྣམས་ནས་ཀྱང་དེ་མཚུངས་ཀྱི་ལྷ་མོའི་སྒྲིག་འཛུགས་ནང་ཞུགས་ཐུབ་དགོས་གལ་ཡིན་པའི་ལམ་སྟོན་གནང་བ་ཙམ་མ་ཟད། བོད་ཀྱི་སྲོལ་རྒྱུན་ལྷ་མོའི་རིག་གཞུང་ཐོག་མར་གསར་གཏོད་གནང་མཁན་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ལྷ་མོའི་རིག་གཞུང་འདི་བརྒྱུད་ནས་བོད་ནང་གསོ་བ་རིག་པ་དང་ལྕགས་ཟམ་གསར་རྒྱག་སོགས་བོད་ཀྱི་སྤྱི་ཚོགས་དང་རིག་གནས་ཐད་བླ་ན་མེད་པའི་ཞབས་འདེགས་བསྒྲུབས་ཡོད་པ་སོགས་མངོན་གསལ་གྱིས།  ཞོ་སྟོན་སྐབས་གཟིགས་མོ་གཟིགས་མཁན་རྣམས་ཀྱིས་རྣམ་ཐར་ལ་གཟིགས་པ་ཙམ་མིན་པར་ལྷ་གཞུང་ཁག་གི་ནང་དོན་རྟོགས་པའི་བརྒྱུད་སྤྱི་ཚོགས་ལ་སྨན་པའི་ཞབས་འདེགས་ཞུ་གལ་ཡིན་པ་གསུངས་སོང་ལ། མང་ཚོགས་ཁྲོད་ནས་ཀྱང་ལྷ་གཞུང་ཚོགས་པ་དེ་དག་ལ་རྒྱབ་སྐྱོར་དང་མཉམ་དུ་ཐུན་མིན་གྱི་རིག་གཞུང་རྣམས་གཅེས་སྤྲས་གནང་རྒྱུ་ཐད་ཐུགས་འགན་བཞེས་དགོས་གལ་ཡིན་པ་གསུངས་སོང་།

Shoton 27

དེ་བཞིན་མཐར་སྲིད་སྐྱོང་མཆོག་གིས་གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་ ༡༢༥ བཞུགས་ཡོད་པའི་རྟེན་འབྲེལ་དང་། ཞོ་སྟོན་གྱི་ཉིན་མཐའ་མར་རྒྱལ་སྲས་དད་པ་བརྟན་པའི་རྒྱལ་སྲིད་ལོ་ ༡༠༡ སྐྱོང་ཐུབ་པའི་ལྷ་གཞུང་གི་རྟེན་འབྲེལ།  དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུ་ཉིད་མཆོག་དགུང་ལོ་ ༡༡༣ ལྷག་འཚོ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་མཛད་ཀྱི་ཡོད་སྟབས། རྟེན་འབྲེལ་སུམ་རྩེགས་ཀྱི་ཐོག་ནས་མགོན་པོ་༸གང་ཉིད་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུའི་སྨོན་ལམ་ཡོད་ཞེས་གསུངས་སོང་། 

འདི་གའི་གསར་འགོད་པས་བོད་ཀྱི་ཟློས་གར་ཚོགས་པའི་འཁབ་སྟོན་འགན་འཛིན་བསྟན་འཛིན་ཕུན་ཚོགས་ལགས་སུ་ཐེངས་འདིའི་ཞོ་སྟོན་སྤྱི་ཡོངས་དང་ལོ་རྗེས་མའི་བོད་ཀྱི་ཞོ་སྟོན་གྱི་ལྷ་མོའི་འཁྲབ་སྟོན་དེ་ས་གནས་གང་དུ་སྲུང་བརྩི་ཞུ་མིན་ཐད་བཅར་འདྲི་ཞུས་པར། ཁོང་གིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༨ པ་དེ་སླར་ཡང་བཞུགས་སྒར་དུ་འཚོགས་གཏན་ཁེལ་ཡོད་པ་དང་། དེའང་གཙོ་བོ་ཕྱི་ལུགས་ལྟར་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐབས་དེར་དགུང་ལོ་ ༩༠ ཕེབས་ཀྱི་ཡོད་སྟབས་གཞུང་འབྲེལ་གྱི་མཛད་སྒོ་གལ་ཆེན་རིགས་ཆ་ཚང་༸བཞུགས་སྒར་དུ་འཚོགས་རྒྱུ་ཡིན་པས་ཞོ་སྟོན་ ༢༨ པ་དེ་ཡང་བཞུགས་སྒར་དུ་འཚོགས་གཏན་ཁེལ་ཡོད་པ་སོགས་འགྲེལ་བརྗོད་གནང་སོང་།

Shoton 27

ལྷག་དོན་ཞོ་སྟོན་ཐོག་འདི་ལོ་དམིགས་བསལ་གཅིག་ནི་བོད་ཀྱི་ཟློས་གར་ཚོགས་པས་འདས་པའི་ལོ་ངོ་ཉི་ཤུ་རིང་འཁྲབ་མ་མྱོང་བའི་རྨེ་རུ་སྤོངས་སངས་ཀྱི་གཞུང་རྒྱལ་སྲས་དད་པ་བརྟན་པ་ལྷ་གཞུང་དེ་ཉིད་འཁྲབ་གནང་ཡོད་པ་དང་། ལྷ་གཞུང་འདི་ནི་སྔ་མོ་བོད་ནང་ལོ་འཁོར་བཅིུས་མཚམས་སུ་ཐེངས་རེ་འཁྲབ་སྟོན་གནང་གི་ཡོད་པ་ཙམ་མ་ཟད། ལྷ་གཞུང་འདི་ཉིད་དེ་སྔ་ཕྱི་ལོ་ ༡༩༤༠ ལོར་༸རྒྱལ་བ་རིན་པོ་ཆེ་ཁྲི་ཕེབས་མཛད་སྒོར་ལའང་འཁྲབ་སྟོན་གནང་པ་ཞིག་ཆགས་ཀྱི་ཡོད་པ་རེད།

དེ་རྗེས་ཕྱིས་སུ་བཙན་བྱོལ་དུ་འབྱོར་རྗེས་བོད་ཀྱི་ཟློས་གར་ཚོགས་པས་དེ་སྔ་བོད་མ་ཤོར་གོང་ལྷ་གཞུང་རྒྱལ་སྲས་དད་པ་བརྟན་པ་འཁྲབ་མྱོང་མཁན་རྨེ་རུ་དགེ་བཤེས་ཤེས་རབ་འབྱུང་གནས་ལགས་ཀྱིས་སློབ་ཁྲིད་འོག་ཕྱི་ལོ་ ༡༩༩༣ ལོར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་དང་པོའི་སྐབས་དང་དེ་ནས་ཕྱི་ལོ་ ༢༠༠༤ ལོར་འཁྲབ་སྟོན་གནང་སྟེ་ད་རེས་འདི་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད།

གཞི་རྩའི་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་པར་བརྟེན་བོད་མི་ཚོ་རང་ཡུལ་དང་ཁ་གྱེས་དགོས་པའི་གནས་སྟངས་འོག་༸གོང་ས་མཆོག་གིས་དབུས་པའི་བོད་མི་ཚོ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་རྐང་འགན་བཞེས་ཐོག་བཙན་བྱོལ་དུ་ཐོག་མར་ཕྱི་ལོ་ ༡༩༩༣ ལོར་ལྷ་མོ་ཚོགས་པ་ཁག་བཞི་འདུ་འཛོམས་ཀྱིས་བོད་ཀྱི་ཞོ་སྟོན་རྒྱས་པ་ཞེས་སླར་གསོ་གནང་ཐུབ་པ་བྱུང་ཡོད་པ་དང་། དུས་དེ་ནས་བཟུང་ལོ་རེ་བཞིན་བཙན་བྱོལ་ནང་ལྷ་མོ་ཚོགས་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། འདི་ལོ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་འདིའི་ཐོག་བཙན་བྱོལ་ནང་གི་ལྷ་མོ་ཚོགས་ཁག་བཅིུས་ནས་ཁྱོན་སྒྱུ་རྩལ་བ་ ༤༠༠ ལྷག་ནས་མཉམ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།