བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་བཅར་སྲི་ཞུ་ལས་བྱེད་པ་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་འབུལ་བཞེས་གནང་བ་དང་འབྲེལ། མཛད་སྒོའི་ཐོག་བོད་མི་རྣམས་ཀྱིས་རང་གི་སྐད་ཡིག་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་དགོས་གལ་གྱིས་གླེང་སློང་ཤུགས་ཆེ་གནང་སོང་།

དེ་ཡང་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ལས་རིམ་ཆ་ཚང་ལེགས་པར་མཇུག་སྒྲིལ་དང་བསྟུན། བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཁ་སང་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་གོ་སྟོན་བཀྲ་ཤིས་བསྟོད་དབྱངས་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས། ཀེའུ་ཚང་རིན་པོ་ཆེ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གཙོས་པའི་མཛད་གཙོ་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་བརྟན་བཞུགས་ཆེད་དུ་ཕེབས་པའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་བརྒྱ་ཁྲག་ཁ་ཤས་མཉམ་བཞུགས་གནང་སོང་།
སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྐབས་དེར། ད་ལྟའི་ཆར་སེམས་ཁྲལ་ཆེ་ཤོས་བྱེད་དགོས་པ་ཞིག་ནི་བོད་ནང་གི་ན་གཞོན་རྣམས་རང་གི་སྐད་ཡིག་སློབ་གཉེར་བྱེད་རྒྱུ་མེད་པ་དེ་ཡིན་པ་དང་འབྲེལ། རྒྱ་ཁབ་གཅིག་གི་རྒྱལ་ཁབ་གཞན་ལ་གཉའ་གནོན་བཤུ་གཞོག་བྱེད་སྐབས་རྒྱལ་ཁབ་གཞན་གྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱས་ཡོད་པ་དེ་ནི་གནའ་སྔ་མོ་ནས་འབྱུང་བཞིན་པའི་གནས་ཚུལ་ཞིག་ཡིན་པ་དང་སྦྲགས། གཞིས་བཞུགས་བོད་མི་རྣམས་ཀྱི་རང་རང་སོ་སོའི་ཁྱིམ་ཚང་ནང་དུ་བོད་སྐད་བཀོལ་སྤྱོད་བྱེད་རྒྱུ་ནི་གལ་ཆེ་བ་ཡིན་སྐོར་དང་། བྱེས་སུ་བཞུགས་པའི་བོད་མི་རྣམས་ཀྱིས་ཀྱང་དེ་ལྟར་རང་གི་བུ་ཕྲུག་ཚོར་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱེད་རྒྱུའི་ཐད་ཤུགས་སྣོན་རྒྱག་དགོས་པ་གསུངས་གནང་སོང་།

ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་བར་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་རང་ནུས་གང་ལྕོགས་ཀྱིས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་ཡོད་པ་དང་། མ་འོངས་པའང་མུ་མཐུད་ནས་འབད་བརྩོན་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡིན་སྐོར་གསུངས་གནང་སོང་བ་མ་ཟད། བཀའ་ཤག་ངོས་ནས་ཀྱང་བོད་མི་ཚང་མ་མཉམ་རུབ་ཀྱིས་ཕྱག་ལས་མདུན་བསྐྱོད་གནང་ཕྱོགས་ཐོག་ལ་འབད་བརྩོན་མུ་མཐུད་ནས་བྱེད་རྒྱུ་དང་། སྤྱི་སྙོམས་དྲང་བདེན་དང་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་རྒྱུ་ཆོད་སེམས་བརྟན་པོ་ཡོད་ཅེས་གསུངས་གནང་སོང་།
དེ་བཞིན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས། དེ་སྔ་ཨ་རི་ནང་བོད་མི་ ༡༠༠༠ བཏང་བའི་རྗེས་སུ་བོད་མི་གཞོན་སྐྱེས་ཁག་གཅིག་བོད་སྐད་ཚད་ལྡན་བཤད་མི་ཐུབ་པའི་གནས་སྟངས་བྱུང་ཡོད་པ་དང་། ད་ཆ་ཆབ་སྲིད་བཙོན་ཟུར་རྣམས་རྒྱལ་ཁབ་ ༢༦ ནང་གནས་བཞུགས་གནང་གི་ཡོད་པ་དང་འབྲེལ། ཁྱིམ་ཚང་མི་རེ་ངོ་རེའི་འགན་བཞེས་ཏེ་བོད་སྐད་དང་བོད་ཡིག་བཀོལ་སྤྱོད་གང་མང་གནང་རྒྱུ་གལ་ཆེ་ཡིན་སྐོར་གསུངས་གནང་སོང་།
གཞི་རྩའི་ཟླ་འདིའི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་དང་། སུད་སི་ལྷ་ས་བུའི་ཚོགས་པ་ཐུན་མོང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་གནང་ཡོད་པ་མ་ཟད། ༸རྒྱལ་དབང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་མངའ་གསོལ་གྱི་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་མཛད་པ་དང་། བརྟན་བཞུགས་ཐོག་རྒྱལ་ཁབ་འདྲ་མིན་བཅོ་ལྔ་ཙམ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་འབྲེལ་ཡོད་འབྲེལ་ཆགས་ ༣༠༠ ཙམ་ཆེད་བཅར་ཞུས་ཡོད་པ་རེད།
ཁ་སང་ཕྱི་དྲོའི་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུའི་གོ་སྟོན་བཀྲ་ཤིས་བསྟོད་དབྱངས་མཛད་སྒོའི་ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་༸སྐུའི་བླ་སྨན་པ་ཚེ་དབང་རྟ་མགྲིན་ལགས་དང་ས་འདུ་ཚང་ཚེ་བརྟན་རྡོ་རྗེ་ལགས་ཀྱི་གཙོས་གཞན་སྨན་པ་ཁག་གཅིག་ཙམ་མ་ཟད། སྐུ་བཅར་སྲི་ཞུ་ལས་བྱེད་པ་མང་དག་ཅིག་ལ་གཟེངས་རྟགས་འབུལ་བཞེས་གནང་བ་དང་། ཉེ་ལམ་༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ལྟར་མཛད་སྒོའི་ཐོག་གཞས་སྣ་འཁྲབ་སྟོན་སོགས་ཀྱི་ལས་རིམ་ཡོད་པ་ཆ་ཚང་ཕྱིར་འཐེན་གནང་ཡོད་པ་རེད།

སྤྱིར་ཐེངས་འདིའི་བརྟན་བཞུགས་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་འདྲ་མིན་བཅོ་ལྔ་ཙམ་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་དེ་དག་གི་འབྲེལ་ཡོད་འབྲེལ་ཆགས་ ༣༠༠ ཙམ་ཆེད་བཅར་ཞུས་ཡོད་པ་དང་། དེ་རིང་སྔ་དྲོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཆབ་སྲིད་བཙོན་ཟུར་རྣམས་ལ་མཇལ་ཁ་སྩལ་གནང་མཛད་ཡོད་པ་རེད།



