རྒྱ་ནག་གི་ཕྱི་ཟླ་ ༧ པའི་ཚེས་ ༡ ནས་བཟུང་སྟེ་དེ་གའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཞེས་པའི་བཙན་དབང་གིས་མི་རིགས་མཉམ་བསྲེས་དང་བོད་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཆོས་རིག་རྩ་མེད་གཏོང་ཐབས་ཀྱི་ཁྲིམས་གསར་པ་ལག་བསྟར་བྱས་པ་མ་ཟད། བོད་ནང་དུ་དམར་ཤོག་གཞུང་ལ་དགའ་ཞེན་དང་དམར་ཤོག་ལྟ་གྲུབ་ཁྱབ་སྤེལ་གཏོང་རྒྱུའི་ལས་གཞི་ཤུགས་ཆེ་རུ་སྤེལ་བཞིན་པའི་ཁྲོད། བོད་ཡུལ་ཤུལ་ཁུལ་གྱི་བོད་པའི་སློབ་གྲྭ་ཞིག་གི་ནང་དུ་རྒྱ་ནག་གི་འགོ་ཁྲིད་ཟུར་པ་མའོ་རྩེ་ཏུང་གི་འདྲ་སྐུ་དབུ་འབྱེད་བྱས་པ་མངོན་རྒྱུ་འདུག

དེ་ཡང་ཉེ་ཆར་བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཐོག་བརྙན་ཐུང་ཞིག་ཕྱི་གྱར་བྱུང་བའི་ནང་དུ། བོད་རིགས་ས་ཁུལ་ཡུལ་ཤུལ་ཀྱི་བོད་པའི་སློབ་གྲྭའི་ར་བའི་ནང་འཛམ་གླིང་གི་སྲིད་དབང་སྒེར་གཅོད་པ་ཆེ་ཤོས་གསུམ་གྱི་གྲས་སུ་ཚུད་པའི་མི་ས་ཡ་མང་པོ་འཆི་རྐྱེན་དུ་བཏང་མཁན་ལག་དམར་བར་ངོས་འཛིན་བྱས་པའི་རྒྱ་ནག་གི་འགོ་ཁྲིད་ཟུར་པ་མའོ་ཙེ་ཏུང་གི་འདྲ་སྐུ་ཞིག་བཞེངས་ཏེ་དབུ་འབྱེད་བྱེད་བཞིན་པ་མངོན་རྒྱུ་ཡོད་པ་དང་། དྲྭ་རྒྱའི་མི་སྣའི་ཁྲོད་ནས་མང་པོ་ཞིག་གིས་མཆན་བཀོད་པའི་ནང་དུ་ད་ལྟ་དུས་རབས་གང་ཞིག་རེད་ཅེས་དྲི་བ་བཏང་བ་དང་། ཁག་གཅིག་གིས་ད་ལྟ་འཛམ་གླིང་རྐང་སྤོལ་རྩེད་འགྲེན་འགྲོ་བཞིན་པ་དང་འབྲེལ་ནས་རྒྱལ་སྤྱིའི་རྐང་སྤོལ་རྩེ་འགྲེན་པ་གྲགས་ཆེན་ཁག་གི་འདྲ་པར་རེད་དམ་ཞེས་དྲི་བ་བཏང་བ་མ་ཟད། ཁག་གཅིག་གིས་དེ་སྔ་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྲིད་དབང་སྒེར་གཅོད་པའི་འདྲ་སྐུ་མང་ཚོགས་ཀྱི་རྩ་གཏོར་གཏོང་བཞིན་པའི་བརྙན་ཐུང་སྤེལ་བ་སོགས་ཟུར་ཟའི་རྣམ་པ་གསལ་སྟོན་གནང་བཞིན་པ་དང་། ཁག་གཅིག་གིས་རྒྱ་ནག་གི་བྱ་འགུལ་དེར་གདོང་ལེན་གྱིས་བོད་མི་ཚོས་བོད་ཀྱི་སྐད་དང་ཡི་དགེ་ད་དུང་ཤུགས་ཆེ་བར་སྦྱང་བརྩོན་དང་བཀོལ་སྤྱོད་བྱེད་དགོས་པའི་སྐུལ་མ་གནང་བཞིན་པ་མངོན་རྒྱུ་འདུག
བོད་གནས་མཁོ་སྤྲོད་པ་ས་དཀར་བཀྲ་ཤིས་ལགས་ཀྱིས་ X དྲྭ་ལམ་ཐོག་དེ་འབྲེལ་བརྙན་དང་འདྲ་པར་འདོན་སྤེལ་དང་སྦྲགས་ནས་བོད་པའི་སློབ་གྲྭའི་ར་བའི་ནང་དུ་བཙན་འཛུལ་བ་ཞིག་གི་འདྲ་སྐུ་བཞེངས་ཀྱི་ཡོད་པ་དེ་ནི་ཚད་ལས་བརྒལ་བ་ཡིན་པ་དང་། འདི་ནི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལས་འགལ་བའི་བྱ་འགུལ་ཡིན་པ་སོགས་གསུངས་འདུག
འདི་གའི་གསར་འགོད་པས་ས་དཀར་བཀྲ་ཤིས་ལགས་སུ་ཞལ་པར་བརྒྱུད་བཀའ་འདྲི་ཞུ་སྐབས་ཁོང་གིས་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བརྙན་པར་དེ་དྲྭ་ལམ་ནས་ནག་སུབ་བཏང་ཟིན་ཡོད་པ་དང་། བོད་ནང་གི་སྤྱི་ཚོགས་དྲྭ་ལམ་ཐོག་ཟུར་ཟའི་རྣམ་པའི་ཐོག་ནས་གནས་ཚུལ་དེར་ལྟ་བཞིན་པ་མ་ཟད། བྱ་འགུལ་དེ་ནི་བོད་ནང་དེང་སྐབས་དམར་ཤོག་ཀྱི་ལྟ་བ་དང་སློབ་གསོ་སྤེལ་རྒྱུ་ཤུགས་ཆེ་རུ་བཏང་བའི་རྣམ་པ་གསལ་པོ་ཞིག་ཡིན་པ་སོགས་གསུངས་སོང་།
རྩ་བའི་རྒྱ་ནག་ནང་དུ་མའོ་འདྲ་སྐུ་དང་འདྲ་པར་རིགས་ཆབ་སྲིད་སློབ་གསོ་སྤེལ་བའི་སྐབས་སུ་བེད་སྤྱོད་གཙོ་བོར་གཏོང་བཞིན་ཡོད་པ་དང་། སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་དུ་རྒྱ་བསྒྱུར་གྱི་སྲིད་བྱུས་ཤུགས་ཆེ་ལག་བསྟར་བྱེད་བཞིན་པའི་ཁྲོད། ཕྱི་ལོ་ ༢༠༢༣ ལོའི་ལོ་འཇུག་ཏུ་བོད་ནང་དུ་བོད་མི་རྣམས་ལ་བཙན་དབང་ཐོག་མའོ་རྩེ་ཏུང་ནི་བོད་བཅིངས་བཀྲོལ་གཏོང་མཁན་དུ་བསྒྲགས་ནས་ཁོ་པའི་སྐྱེས་སྐར་ཉིན་མོ་སྲུང་བརྩི་བྱེད་དུ་བཅུག་པ་དང་། གཞུང་གི་ལས་ཁུངས་དང་སློབ་གྲྭ་ཁག་གིས་མའོ་དང་དམར་ཤོག་ཚོགས་པར་བསྟོད་པའི་ལས་རིམ་གོ་སྒྲིག་གིས་ཆབ་སྲིད་སློབ་གསོ་སྤེལ་བ། དེ་བཞིན་བོད་མིའི་ཁྱིམ་ཚང་ནང་དུ་མའོ་དང་ཞི་ཅིན་ཕིང་སོགས་རྒྱ་ནག་གི་འགོ་ཁྲིད་ཁག་གི་འདྲ་པར་བཤམས་སུ་བཅུག་པ། མའོ་ཡི་འདྲ་སྐུའི་འགྲེམས་སྟོན་ཁང་ཡང་བཙུགས་པ་སོགས་ཀྱི་གནས་ཚུལ་རིམ་པ་ཐོན་ཡོད་པ་རེད།




