Tibetan Royal Year of 2151 | Year of the Wood Dragon

བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་ཡིན་པར་བཤད་འདུག

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བདམས་པའི་རྒྱལ་མཚན་ནོར་བུས་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནང་བསྟན་ཡན་ལག་མཐུན་ཚོགས་ཟེར་བས་དགོན་པ་ཁག་གི་གྲྭ་བཙུན་ཚོར་སློབ་གསོའི་ཚོགས་འདུ་ཞེས་པ་ཞིག་གཙོ་སྐྱོང་བྱས་ཏེ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་ཞིག་རེད་ཅེས་བཤད་འདུག

རྒྱལ་མཚན་ནོར་བུས་ཟླ་ ༨ ཚེས་ ༡ ཉིན་ཚོགས་པའི་སློབ་གསོའི་བཞུགས་མོལ་ཚོགས་འདུ་ཐོག་ཏུ་རྒྱལ་ཁབ་ཀྱི་འདུ་ཤེས་དང་སྤྱི་དམངས་ཀྱི་འདུ་ཤེས། དེ་བཞིན་ཁྲིམས་སྐྱོང་འདུ་ཤེས་བཅས་ཀྱི་སློབ་གསོ་སྤེལ་རྒྱུ་ནི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དགོན་སྡེའི་གྲྭ་བཙུན་གྱི་བསམ་བློ་དང་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་འདུས་པའི་དགོས་མཁོ་དངོས་ཤིག་ཡིན་སྐོར་བཤད་འདུག བོད་བརྒྱུད་ནང་བསྟན་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཁ་ཚ་དགོས་གཏུག་གི་ལས་འགན་ཞིག་ཀྱང་ཡིན་པར་མ་ཟད་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་ནི་ལྡོག་མེད་ཀྱི་ལས་འགན་ཞིག་ཡིན་པར་བཤད་འདུག

དེ་བཞིན་རྒྱལ་མཚན་ནོར་བུས་ང་ཚོ་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བུ་སློབ་ཡིན་ལ་འགྲོ་བ་ཀུན་གྱི་ཆེད་དུ་སྒོམ་སྒྲུབ་བྱེད་མཁན་ཡང་ཡིན། ང་ཚོའི་ཚེ་གང་གི་བྱ་གཞག་ནི་ནང་ཆོས་དར་སྤེལ་གྱིས་ཀུན་ལ་ཕན་པ་བསྐྲུན་རྒྱུ་དེ་ཡིན་སྟབས་ནང་ཆོས་དར་སྤེལ་གཏོང་བར་དེང་སྐབས་ཀྱི་ལས་འགན་ཨང་དང་པོ་ནི་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་རེད་བཤད་པ་དང་འབྲེལ་ཏེ། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་ཐོག་མ་འདུ་ཤེས་གསུམ་བརྟན་པོ་བཙུགས་མེད་ཚེ་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་དེ་སྟོང་གཏམ་ཙམ་དུ་འགྱུར་སྲིད་པ་རེད་ཅེས་བཤད་ཡོད་པ་རེད།

གཞན་ཡང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ནང་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་ལ་སྐུལ་འདེད་དང་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་ཐད་ལེགས་སྐྱེས་གསར་པ་འབུལ་དགོས་ལུགས་སོགས་ནན་བཤད་བྱས་འདུག

ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་གཞུང་གིས་པཎ་ཆེན་དུ་ངོས་འཛིན་བྱས་པའི་རྒྱལ་མཚན་ནོར་བུ་གཙོས་རྒྱ་ནག་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཚོགས་པའི་སྐབས་བཅིུག་པའི་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་དང་བོད་རང་སྐྱོང་ལྗོངས་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱུན་ལས་ཀརྨ་ཚེ་བརྟན་གཉིས་ནས་ཀྱང་གཏམ་བཤད་བྱས་ཡོད་པ་རེད།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་རྒྱ་གཞུང་གིས་རྒྱལ་མཚན་ནོར་བུ་བོད་ནང་གི་བོད་མིའི་བསམ་བློ་དཀྲུག་རྒྱུར་ཆབ་སྲིད་ཀྱི་ལག་ཆར་སྤྱོད་དེ་བོད་མི་དང་བོད་བརྒྱུད་ནང་བསྟན་གྱི་ཚོགས་སྡེ་ཁག་ལ་རྒྱ་ནག་གི་རྒྱལ་ཞེན་གྱི་བསམ་བློ་སྤེལ་ཐབས་ཤིག་མཚོན་གྱིསྐོར་གསུངས་སོང་།

གཞི་རྩའི་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་པཎ་ཆེན་དུ་བསྐོ་གཞག་བྱས་པ་རྒྱལ་མཚན་ནོར་བུ་བོད་ཀྱི་ས་ཁུལ་གང་སར་ཆེད་གཏོང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་དགོས་པའི་དྲིལ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པའི་ཁྲོད་དེ་སྔ་རྒྱ་ནག་རྒྱལ་ཡོངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་ཐེངས་ ༡༢ ཐོག་དགོན་ཁག་གི་དགེ་འདུན་པ་རྣམས་དང་དེའི་རྗེས་འབྲང་པ་རྣམས་ཟུང་འབྲེལ་གྱིས་སངས་རྒྱས་ཀྱི་བསྟན་པ་སྤྱིའི་ཐོག་ལ་འབད་བརྩོན་ཞུ་ཐུབ་པ་ཡིན་ན། རྒྱ་ནག་རྒྱལ་ཁབ་ཡར་རྒྱས་འགྲོ་རྒྱུ་གཙོས་རྒྱ་ནག་འགོ་ཁྲིད་ཀྱི་ནུས་པ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སོགས་ལ་ཕན་རླབས་ཆེན་པོ་ཡོད་སྐོར་བཤད་ཡོད་པར་མ་ཟད། འདི་ལོའི་ཕྱི་ཟླ་ ༦ ནང་ཁོང་གིས་བོད་མདོ་སྟོད་ཁུལ་དུ་ལྟ་སྐོར་དང་འབྲེལ། ཆབ་མདོ་དགོན་དུ་བོད་ཀྱི་གྲྭ་བཙུན་ཚོས་ཕྱི་ཕྱོགས་རྒྱལ་ཁབ་ཀྱི་ཁ་བྲལ་སྟོབས་ཤུགས་ལ་ངོ་རྒོལ་གྱིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་མགྱོགས་མྱུར་བསྒྱུར་དགོས་སྐོར་སོགས་བཤད་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།