Tibetan Royal Year of 2151 | Year of the Wood Dragon

ཞི་ཅིན་ཕིང་གི་འགོ་ཁྲིད་འོག་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་སོང་བར་མངོན་གསལ།

Tibetan News Headlines

  • Sikyong Penpa Tsering meets President Macron, gifts autographed photo of the Dalai Lama with French leader
  • Tibetans inside and outside Tibet mark Calligraphy Day
  • Derge protests put dams back on the agenda: Rights group calls for transparency of Dam construction plans in Tibet
  • Mexico legislators and friends of Tibet gather to strategize and reaffirm commitment to Tibet’s rights
  • Sarah College for Higher Tibetan Studies holds 23rd graduation ceremony

རེས་གཟའ་ལྷག་པ། ༢༠༢༤།༠༥།༠༡

  • སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྲིད་འཛིན་ལྷན་དུ་མཇལ་འཕྲད་གནང་འདུག
  • བོད་གཞིས་བྱེས་གཉིས་སུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཟབ་རྒྱས་ཞུས་པ།
  • རྒྱ་གཞུང་གི་ཆུ་མཛོད་གསར་རྒྱག་གི་ལས་གཞི་ཐད་ཕྱི་གསལ་ནང་གསལ་དགོས་པའི་འབོད་སྐུལ།
  • Mexico ནང་དུ་མ་འོངས་བོད་དོན་རྒྱབ་སྐྱོར་གྱི་ལས་དོན་སྤེལ་ཕྱོགས་སྐོར་ཚོགས་འདུ་ཚོགས་པ།
  • རྡ་ས་རིགས་སློབ་མ་ལག་གཉིས་ཀྱི་སློབ་ཐོན་མཛད་སྒོ་ཚོགས་པ།

ཁ་སང་ཕྱི་ཟླ་ ༨ ཚེས་ ༨ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་འདས་པའི་ལོ་བཅུའི་ནང་བོད་ཐོག་འཛིན་པའི་སྲིད་བྱུས་དང་ལས་དོན་སྐོར་སྙན་ཐོ་ཞིག་འདོན་སྤེལ་གནང་བར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་སྔར་ལས་ཆེས་ཇེ་སྡུག་ཏུ་སོང་ཡོད་པར་མངོན་གསལ་གནང་བ་དང་འབྲེལ། རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྲིད་འཛིན་ཞི་ཅིན་ཕིང་ལྟ་བུའི་དྲག་གནོན་གྱི་ལས་དོན་སྤེལ་བཞིན་པ་རྣམས་མཚམས་འཇོག་ཐུབ་ཐབས་དང་རྒྱ་ནག་གཞུང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་བར་གནོན་ཤུགས་སྤྲོད་དགོས་པའི་དགོས་འདུན་བཏོན་འདུག

ཤོག་གྲངས་ ༥༤ ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྙན་ཐོར་ཞི་ཅིན་ཕིང་གིས་སྲིད་འཛིན་གྱི་འགན་འཁུར་བའི་དུས་ཡུན་ལོ་བཅུའི་ནང་བོད་ཀྱི་ཆེས་ཛ་དྲག་རང་བཞིན་གྱི་གནས་བབ་སྐོར་ཞིབ་བཀོད་དང་སྦྲགས། སྤྱིར་རྒྱ་གཞུང་གིས་འདས་པའི་ལོ་བཅུ་ཕྲག་ནས་བོད་ནང་གི་བོད་མིའི་ཐོག་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་གྱིས་མི་སྤྱོད་ལས་འདས་པའི་གནར་གཅོད་བཏང་དང་གཏོང་བཞིན་ཡོད་པ་དེ་ལྟར་ཡང་། ཉེ་བའི་ལོ་ཤས་ནང་ཞི་ཅིན་ཕིང་གིས་བོད་ཡོངས་རྫོགས་རྒྱ་བསྒྱུར་འམ་ཀྲུང་གོ་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པར་མ་ཟད། རྒྱ་ནག་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཀྱིས་གཙོས་པའི་བོད་ཀྱི་ས་གནས་གང་སར་དམ་བསྒྲགས་དང་དྲག་གནོན་ཤུགས་ཆེར་བྱེད་ཀྱི་ཡོད་པ་བཀོད་འདུག

ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་གཞུང་གིས་འདས་པའི་ལོ་བཅུའི་ནང་བོད་དུ་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་དང་ས་མཚམས་ཁག་ཏུ་དམ་བསྒྲགས་ཆེན་པོ་བྱས་པར་བརྟེན་ཕྱི་ལོ་ ༢༠༡༡ ལོར་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་མཁན་གྱི་གྲངས་འབོར་ ༧༥༣  བྱུང་ཡོད་ཀྱང་། ཕྱི་ལོ་ ༢༠༢༢  ལོར་བོད་མི་ ༥ ལས་བྱུང་མེད་པ་དང་། ཕྱི་ལོ་ ༢༠༡༡ ལོར་ཞི་ཅིན་ཕིང་དམར་ཤོག་ཚོགས་པའི་འགོ་ཁྲིད་དུ་བསྐོ་གཞག་བྱུང་བའི་ལོ་དེར་བོད་ནང་སྐུ་ལུས་ཞུགས་འབུལ་གྱི་གྱོད་དོན་ ༨༣ ལྷག་བྱུང་ཡོད་པ་སོགས་ཀྱི་གནས་ཚུལ་མངོན་གསལ་གནང་འདུག

དེ་བཞིན་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་བོད་མིའི་རིགས་རྫས་བསྡུ་རུབ་བྱས་ཏེ་བོད་མིའི་ཐོག་དམ་བསྒྲགས་སྔར་ལྷག་བྱེད་བཞིན་པ། བོད་དེ་འཛམ་གླིང་དང་འབྲེལ་མེད་ཁྱེར་རྐྱང་དུ་འཇོག་ཐབས་བྱེད་བཞིན་པ་སོགས་གསལ་འདོན་གནང་སྟེ། རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་སྤེལ་བཞིན་པ་དེ་དག་ལ་དགག་པ་དང་ཞིབ་འཇུག་ནན་པོ་གནང་དགོས་ཞེས་འབོད་སྐུལ་གནང་འདུག

དེ་བཞིན་སྙན་ཐོ་ནང་དེ་སྔ་རྒྱ་རིགས་དཔོན་པོ་རྣམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་ཐོག་གུ་ཡངས་ཅུང་ཟད་སྤྲད་ཡོད་པ་དེ་ལྟར་ཡང་། ཞི་ཅིན་ཕིང་གིས་རྒྱ་ནག་ཏུ་ཚ་ཚ་འུར་འུར་ངང་ཞི་ཅིན་ཕིང་གི་བསམ་བློ་ཞེས་པའི་ཆབ་སྲིད་སློབ་གསོའི་ལས་འགུལ་སྤེལ་ཏེ་གྲངས་ཉུང་མི་རིགས་ཡོངས་ནས་དམར་ཤོག་ཚོགས་པའི་སྲིད་བྱུས་དང་ལས་གཞི། དེའི་ཕུགས་དམིགས་བཅས་ལ་སློབ་སྦྱོང་བྱེད་དགོས་ཞེས་བོད་གཙོས་གྲངས་ཉུང་མི་རིགས་རྣམས་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པར་གསུངས་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཐོ་དེའི་བརྒྱུད་རྒྱལ་ཚོགས་གཙོ་གྱུར་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྲིད་འཛིན་ཞི་ཅིན་ཕིང་ལ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པར་མ་ཟད་། རྒྱ་ནག་གིས་བོད་ནང་གདུག་རྩུབ་ཅན་གྱི་བྱ་སྤྱོད་སྤེལ་ཁག་འཕྲལ་མར་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་འདུག་ལ། ལྷག་པར་དེ་སྔ་ཨ་རིའི་གྲོས་ཚོགས་སུ་གཏན་འབེབས་གནང་བའི་ Tibetan Policy and Support Act ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་ནང་འཁོད་པ་ལྟར་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་ཐབས་སུ་རྒྱ་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པ་སོགས་ཀྱི་ཞུ་སྐུལ་གནང་ཡོད་པ་རེད།

གཞི་རྩའི་སྙན་ཐོ་ནང་དེ་སྔ་ཕྱི་ལོ་ ༢༠༡༢  ལོར་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་སྐབས་རྒྱལ་སྤྱིའི་གནད་དོན་དཔྱད་ཞིབ་པ་ཁག་ཅིག་དང་བོད་མི་རྣམས་ཀྱིས་ཁོ་པའི་ཕ་གཙོས་ནང་མི་རྣམས་ནང་པ་ཡིན་སྟབས་བོད་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུའི་ཐུགས་རེ་གནང་ཡོད་ཀྱང་། ད་བར་སྲིད་འཛིན་གྱི་ལས་ཡུན་ཁྲོད་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱས་པར་བརྟེན་བོད་ནང་ཆེས་ཛ་དྲག་ཆེ་བའི་གནས་སུ་གྱུར་ཡོད་པ་སོགས་གསལ་འདོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།