བལ་ཡུལ་གྱི་དགོན་པ་གཉིས་ཀྱི་སྐུ་ཚབ་གཅིག་དང་མི་སྒེར་གཅིག་བཅས་ཀྱིས་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པར་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱ་རྒྱུའི་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བཅར་སོང་།
དེ་ཡང་དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་པ་ཡོལ་ཙམ་ལ་བལ་ཡུལ་གྱི་ཤྲཱི་སེང་གེ་བྲག་ངེས་དོན་བདེ་ཆེན་འོད་གསལ་གླིང་དགོན་པ་དང་ཤྲཱི་སེངྒེ་བྲག་ཤར་སྦག་ཁང་དོན་གྲུབ་ལྡིང་དགོན་པ་གཉིས་ཀྱི་སྐུ་ཚབ་གྲྭ་ཤེས་རབ་སེངྒེ་ལགས་དང་། ཁེ་ན་ཌའི་མི་སེར་ཡིན་པའི་བོད་མི་བསྟན་འཛིན་མཁས་གྲུབ་ལགས་ཞུ་བ་ཁག་གཉིས་ཀྱིས་དབུས་འོས་བསྡུ་ལས་ཁང་གིས་ཁོང་རྣམས་ལ་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་ཡོད་པར་བརྟེན། དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱ་རྒྱུའི་སླད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེད་བཅར་ཞུས་འདུག
ཞུ་སྦྱོར་བའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསུང་དོན་བྱས་ན། ད་རེས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་ཆེད་དུ་སླེབས་པའི་བལ་ཡུལ་ནང་གི་དགོན་སྡེ་ཁག་གཉིས་པོ། རྩ་བའི་མཆོད་འཇོར་ས་ཁུལ་དུ་ཆགས་ཀྱང་། དེ་སྔ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པའི་མཆོད་འཇོར་ཁྱབ་ཁོངས་ཀྱི་དགོན་སྡེ་ཁག་དྲུག་ནང་ཚུད་ཀྱི་མེད་པ་དེ་ལྟར་ཡང་། དགོན་སྡེ་ཁག་དེ་གཉིས་ཀྱི་གྲྭ་བཙུན་རྣམས་ལ་ཡང་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་མི་རག་པའི་དཀའ་ངལ་ཕྲད་ཡོད་པ་དང་། དེའང་ཁོང་རྣམས་ནས་ས་གནས་ས་ཐོག་ལ་ཕེབས་ཏེ་ཞིབ་འཇུག་གནང་བའི་སྐབས་སུ། དེ་ལྟར་བྱུང་བའི་རྒྱབ་ལ་ཆབ་སྲིད་ཀྱི་གནོན་ཤུགས་ཡོད་པ་ར་འཕྲོད་གསལ་བྱུང་ཡོད་པ་གསུངས་སོང་།
དེ་བཞིན་དེ་རིང་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱས་པར་ཕེབས་མཁན་ཞུ་སྦྱོར་བ་བསྟན་འཛིན་མཁས་གྲུབ་ལགས་ལྟ་བུ་ཆ་མཚོན་ན། ཁོང་རྩ་བའི་ཁེ་ན་ཌའི་མི་སེར་ཡིན་ཡང་འདས་པའི་ལོ་ ༣ ཙམ་ནས་ཁོང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་དུ་བཅའ་སྡོད་གནང་བཞིན་ཡོད་པ་དང་། དཔྱ་ཁྲལ་འབུལ་བབ་ཀྱང་རྒྱ་གར་ནས་འབུལ་བཞིན་ཡོད་པ་ལྟར་། ཁོང་ལ་རྒྱ་གར་ནང་བཅའ་སྡོད་བོད་མི་གཞན་དང་མཚུངས་པའི་འོས་བསྡུའི་ཐབ་ཐང་སྤྲད་མེད་པའི་གནད་དོན་དང་འབྲེལ་ནས་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་གཏུགས་བྱས་པར་ཕེབས་ཡོད་པ་རེད་འདུག
རྩ་བའི་ཉེ་ཆར་མཆོད་འཇོར་མི་མང་ ༣༠༠ ཙམ་གྱི་རྒྱབ་སྐྱོར་མཚན་རྟགས་དང་འབྲེལ། བལ་ཡུལ་མཆོད་འཇོར་ཁོངས་ཀྱི་བོད་མི་བློ་བཟང་ཚེ་རིང་ལགས་ནས་མཆོད་འཇོར་མི་མང་གི་ཚབ་ཞུས་ཏེ་དབུས་འོས་བསྡུ་ལས་ཁང་ལ་མཆོད་འཇོར་མི་མང་གི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་བྱས་པ་དེ་ཁྲིམས་འགལ་ཡིན་སྐོར་དང་འབྲེལ་ཁྲིམས་གཏུགས་བྱས་པ་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གྱོད་གཞིར་ངོས་བཞེས་གནང་བ་དང་འབྲེལ་ནས། ཁ་མཆུ་ཨང་ ༢༢ ཞེས་དེབ་བཀོད་གནང་ཡོད་པ་དང་། སང་ཉིན་ཕྱི་ཚེས་ ༢༩ ཉིན་ཁ་མཆུ་དེའི་བར་བརྒལ་བཀའ་ཁྱབ་སླད་ཁྲིམས་རྩོད་པ་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཆེད་བཅར་ཞུ་རྒྱུ་རེད་འདུག་ལ། ཁྲིམས་རྩོད་པ་རིན་ཆེན་དབང་རྒྱལ་ལགས་ཀྱིས་དེའི་སྐོར་ངོ་སྤྲོད་དང་འབྲེལ། དེ་རིང་གི་ཞུ་གཏུགས་མི་འདྲ་བ་གཉིས་པོའི་སྙན་ཞུའི་ནང་གང་འཁོད་མིན་སོགས་གསལ་བཤད་གནང་རྒྱུ་ཡིན་པ་གསུངས་སོང་།




