Tibetan Royal Year of 2151 | Year of the Wood Dragon

བོད་མིའི་མང་གཙོ་དབུ་བརྙེས་ཏེ་ལོ་ངོ་ ༦༣ ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩི།

Tibetan News Headlines

  • French president urged to put human rights, Tibet at heart of Xi Jinping talks
  • Tibetan media marks World Press Freedom Day with call for access to Tibet
  • Dalai Lama grants audience to devotees from Nepal’s Tsum and Nubri 
  • A Tibetan monks mission to help the blind see lights in a remote Himalayan village: Feature
  • Tibet to provide financial aid to Nepal’s northern border districts for five years

རེས་གཟའ་པ་སངས། ༢༠༢༤།༠༥།༠༣

  • ཧྥ་རན་སི་དང་རྒྱ་ནག་གི་སྲིད་འཛིན་གྲོས་མོལ་སྐབས་བོད་ཀྱི་གནད་དོན་གཙོ་གྲས་སུ་གླེང་དགོས་པའི་ནན་སྐུལ།
  • འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་སྲུང་བརྩི།
  • ༸གོང་ས་མཆོག་གིས་བཙུམ་དང་ནུབ་རིའི་དད་ལྡན་པ་ཁག་གཅིག་ལ་མཇལ་ཁ་བསྩལ་བ།
  • བོད་རང་སྐྱོང་ལྗོངས་ཟེར་བས་ལོ་ལྔའི་རིང་བྱང་བལ་ཡུལ་ས་མཚམས་ཁུལ་དུ་དཔལ་འབྱོར་རོགས་རམ་སྤྲོད་འཆར།

ཕྱ་ལོ་ ༡༩༦༠ ཕྱི་ཟླ་ ༩ ཕྱི་ཚེས་ ༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་མདུན་དུ་སྐབས་དང་པོའི་བོད་མི་མང་སྤྱི་འཐུས་རྣམ་པས་དམ་འབུལ་དང་སྦྲགས། ལས་དོན་དངོས་སུ་དབུ་འཛུགས་གནང་པའི་ཉིན་མོ་འདི་བཞིན་བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཞེས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལགས་ཁང་དུ་སྐུ་མགྲོན་གཙོ་བོ་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་པ་ལྕམ་སྐུ་ Margareta Cederfelt མཆོག་གིས་དབུས་པའི་ཡུལ་དེའི་ཆབ་སྲིད་ཚོགས་པ་ཁག་བཞི་ཡི་གྲོས་ཚོགས་འཐུས་མི་ ༡༡ ཙམ་དང་། བཞུགས་སྒར་དུ་ཚོགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཐོག་བཅར་བའི་རོགས་ཚོགས་ཁག་གི་སྐུ་ཚབ་མི་སྣ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། དེ་བཞིན་ས་གནས་མི་མང་བཅས་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་མང་གཙོའི་ལམ་སྲོལ་དབུ་བརྙེས་ཏེ་མི་ལོ་ ༦༣ འཁོར་བའི་ཉིན་མོ་སྲུང་རྩི་ཞུས་སོང་།

མཛད་སྒིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། གོ་སྐབས་དེ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དར་འཕེལ་གྱི་རིམ་པ་ངོ་སྤྲོད་གནང་བའི་ཁྲོད། བོད་ལ་མཚོན་ན་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་བཟུང་རྒྱལ་ཁྲིམས་དང་ཆོས་ཁྲིམས། རང་ཁྲིམས་བཅས་ཀྱི་ཁྲིམས་སྲོལ་རྒྱུན་ཆགས་སུ་ཉམས་ལེན་བྱས་པ་སོགས་དེ་སྔ་བོད་ནང་ཁྲིམས་སྒྲིག་དར་འཕེལ་གྱི་རིམ་པ་དང་། ལྷག་པར་དུ་བཙན་བྱོལ་ནང་ལ་འབྱོར་བའི་རྗེས་སུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༣ ལོར་གསལ་བསྒྲགས་བསྐྱངས་པའི་བོད་ཀྱི་རྩ་ཁྲིམས་སུ་དེ་སྔའི་བོད་གཞུང་གི་སྒྲིག་འཛུགས་གྲུབ་སྟངས་ལ་འགྱུར་བཅོས་གནང་སྟེ་མང་གཙོའི་ཀ་བ་གསུམ་གྱི་འགན་དབང་ལྗིད་སྙོམས་སྟངས་འཛིན་གྱི་ལམ་སྲོལ་བཟོས་ཐོག་སྔར་སྲོལ་རྒྱལ་ཁྲིམས་ཆོས་ཁྲིམས་ཀྱི་དགོང་དོན་ལྟར་བྱམས་བརྩེ་དང་དྲང་བདེན། འདྲ་མཉམ། དམག་འཐབ་སྤོང་བ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་རིན་ཐང་རྒྱུན་འཛིན་དང་། མང་ཚོགས་ཀྱི་གཞི་རྩའི་ཐོབ་ཐང་དང་སྒོ་གསུམ་གྱི་རང་དབང་རྣམས་ཁྱོན་ཡོངས་ནས་འགན་སྲུང་གི་རྩ་དོན་བརྟན་བཟུང་གནང་ཡོད་ཅིང་། ཕྱི་ལོ་ ༡༩༩༡ ལོར་ལག་བསྟར་དབུ་འཛུགས་གནང་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་གཞི་ཁུངས་གཙོ་བོ་ཡང་བོད་ཀྱི་རྩ་ཁྲིམས་འདི་ཆགས་ཡོད་པ་སོགས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དར་འཕེལ་གྱི་རིམ་པ་ཁག་འགྲེལ་བརྗོད་གནང་ཡོད།

ལྷག་པར་དུ་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༡༩༦༠ ནས་ ༡༩༩༠ བར་བཅའ་ཁྲིམས་གཏན་འབེབས་མ་གནང་པའི་སྐབས་ཀྱི་རྒྱུད་རིམ་དང་། ཕྱི་ལོ་ ༡༩༩༡ ཕྱི་ཟླ་ ༦ ཚེས་ ༢༨ ཉིན་༸གོང་ས་མཆོག་གིས་བཅའ་ཁྲིམས་ལ་ཆོག་མཆན་བསྩལ་བ་ནས་བཟུང་ད་བར་འདས་པའི་ལོ་ངོ་གསུམ་བཅུ་སོ་གྲངས་ནང་བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༣༥ གནང་ཟིན་ཡོད་པ་སོགས་གསལ་འདོན་གནང་པ་མ་ཟད། ང་ཚོའི་བཅའ་ཁྲིམས་ལ་ལོ་རེར་བསྐྱར་བཅོས་ཐེངས་གཅིག་ལྷག་གནང་པ་དེས་ཁྲིམས་ཀྱི་བརྟན་ཆའི་ཐོག་ནས་རྒྱུན་ཆགས་སུ་གནས་མ་ཐུབ་པའི་སྐྱོན་གནད་མཐོང་ཐུབ་པ་དང་། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་བཅའ་ཁྲིམས་སུ་ཆ་རྐྱེན་དང་བྱ་རིམ་ཁག་ངེས་བརྟན་ཕུགས་འཕེར་ཞིག་བཟོ་མ་ཐུབ་པར་ཐུག་ཡོད་པ་སོགས་གསུངས་པ་དང་ལྷན་དུ། ཉེ་ལམ་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེད་འཛུགས་གནང་པའི་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་གི་ལས་དོན་འགོ་འཛུགས་གནང་པ་ལྟར་ཚོགས་ཆུང་དང་གྲོས་ཚོགས་ནས་ཐུགས་སྣང་དཔྱད་ཞིབ་ནན་ཟབ་གནང་སྟེ་བསྐྱར་བཅོས་གནང་སྒོ་ཁག་འཐུས་ཚང་ཡོང་བའི་རེ་བ་ཞུ་བཞིན་ཡོད་ཅེས་གསུངས་སོང་།  

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ཁྲོད། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་བོད་ཀྱི་མང་གཙོའི་འཕེལ་རིམ་གྱི་ངོ་སྤྲོད་དང་འབྲེལ། མང་གཙོའི་ལམ་སྲོལ་འདི་ནི་མ་འོངས་གཞིས་བཞུགས་སྤུན་ཟླ་རྣམས་ལ་མང་གཙོའི་ཉམས་མྱོང་བརྗེ་ལེན་བྱ་རྒྱུའི་རིན་ཐང་ལྡན་པའི་ལེགས་སྐྱེས་ཡག་ཤོས་དེ་ཆགས་ཡོད་སྐོར་གསུངས་ཤིང་། བཙན་བྱོལ་བོད་མི་རྣམས་ཀྱིས་གཞན་ཡུལ་དུ་སྐྱབས་བཅོལ་བའི་གནས་བབ་འོག་ནས་རང་དབང་དང་འདྲ་མཉམ་གྱི་གོ་སྐབས་ཐོབ་པ་དེ་དག་གཅེས་འཛིན་ཐོག་དེང་གི་མང་གཙོའི་ཁྱད་ཆོས་དང་བོད་མིའི་རིག་གཞུང་གི་བཟང་སྤྱོད་སྔར་ལྷག་ལྡན་པའི་བོད་མིའི་མང་གཙོ་ཞིག་ཡོང་ཐབས་བྱ་དགོས་གལ་ཡིན་པ་གསུངས་སོང་།

དེ་བཞིན་བོད་ནང་གི་ཛ་དྲག་གནད་དོན་དང་འབྲེལ། བོད་ནང་ཆོས་དང་རིག་གཞུང་གི་རང་དབང་གཙོས་པའི་གཞིས་རྩའི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་གསལ་བཏོན་གནང་བ་མ་ཟད། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པར་ཐུགས་ཐག་བཅད་པ་ལྟར་སྤྱི་འཐུས་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཆེད་འཛུགས་ཀྱིས་ལས་དོན་ཁག་འགྲོ་མུས་ཡིན་པ་དང་། བརྒྱུད་རིམ་འདིའི་ཐོག་ནས་ཁྲིམས་སྒྲིག་དགོངས་དོན་ལས་དོན་ཞུ་ཕྱོགས་ཁ་གསལ་ཡོང་རྒྱུར་རེ་བ་འཆང་བཞིན་ཡོད་སྐོར་གསུངས་སོང་།

དེ་བཞིན་སྐུ་མགྲོན་གཙོ་བོ་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་པ་ལྕམ་སྐུ་ Margareta Cederfelt མཆོག་གིས། དེ་རིང་བོད་མིའི་མང་གཙོ་དུས་ཆེན་དབུ་བརྙེས་ནས་མི་ལོ་ ༦༣ འཁོར་བའི་དུས་ཚིགས་ཁྱད་པར་ཅན་ཉིན་མཉམ་ཞུགས་ཐུབ་པ་དགའ་པོ་བྱུང་ཞེས་གསུངས་པ་དང་འབྲེལ། གསུང་བཤད་ཀྱི་ཐོག་མ་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་ཆེད་དངོས་ཡོད་དང་མཐུན་པའི་ཐབས་བྱུས་ཤིག་ཡིན་པ་དང་། ད་རེས་ང་ཚོ་སུད་ཝི་ཌན་ཆབ་སྲིད་ཚོགས་པ་བཞིའི་གྲོས་ཚོགས་འཐུས་མི་ཁག་ཅིག་བཞུགས་སྒར་དུ་ཆེད་བཅར་ཞུས་པ་དེ་བོད་དང་བོད་མིའི་གནད་དོན་ལ་རྒྱབ་སྐྱོར་དང་བོད་དོན་གོ་རྟོགས་ཇེ་གསལ་དུ་ཡོང་ཆེད་ཡིན་པ་སོགས་གསུངས་སོང་བ་མ་ཟད། རྒྱ་གཞུང་གིས་བོད་དང་བོད་མི་ཐོག་སྤེལ་བའི་དྲག་པོའི་བྱ་སྤྱོད་དེ་དག་ངོས་ལེན་ཐུབ་ཐབས་བྲལ་བ་ཞིག་དང་། གནད་དོན་དེ་དག་སྣང་མེད་དུ་གཏོང་ཐབས་མེད་པ་ཞིག་རེད་ཅེས་གསུངས་སོང་།

གཞན་ཡང་དེ་རིང་གི་མཛད་སྒོའི་ཐོག་འདི་ལོའི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོའི་ནང་གཟེངས་སུ་ཐོན་པའི་སློབ་ཚོ་ལ་ཕུལ་བྱུང་བྱ་དགའ་དང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་ལེགས་གསོའི་བྱ དགའ། དེ་བཞིན་འབུམ་རམས་པའི་སློབ་ཐོན་སློབ་མ་རྣམས་ལ་འབུམ་རམས་པའི་ཆེ་མཐོའི་གཟེངས་རྟགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་ཞབས་ལོ་ ༢༥ ཡན་འཁོར་མཁན་ལ་ལེགས་གསོལ་ཕྱག་འཁྱེར། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྲིད་དོན་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་དཔེ་དེབ་དབུ་འབྱེད། སུད་ཝི་ཌན་གྱི་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་དར་དང་། བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་རྣམས་ལ་ཕྱག་བརྟགས་དང་ཕྱག་འཁྱེར་བཅས་ཕུལ་བ་མ་ཟད། མཛད་སྒོའི་ཐོག་མར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་རྡ་སྟེང་བོད་ཁྱིམ་སློབ་གྲྭ་གཉིས་ཀྱི་སློབ་མ་བཞི་ནས་མང་གཙོའི་འཕེལ་རིམ་སྐོར་གསུང་བཤད་གནང་སོང་།

གཞན་ཡང་དེ་རིང་མཛད་སྒོ་དབུ་འཛུགས་མ་གནང་གོང་དུ་སུད་ཝི་ཌན་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཚོགས་བཅར་བ་རྣམས་ལ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་ཁ་སྩལ་ཡོད།

ཚོགས་གཙོའི་དཔར་དབང་བོད་མིའི་སྒྲིག་འཛུགས།

འབྲེལ་ཡོད་གསར་གནས།

གསར་གནས།