Tibetan Royal Year of 2151 | Year of the Wood Dragon

བོད་མིའི་འཐབ་རྩོད་འདི་རང་དབང་དང་མང་གཙོ་འདོད་མཁན་ཡོངས་ལ་རེ་བའི་མེ་ལྕེ་ལྟ་བུ་རེད།

Tibetan News Headlines

  • Dalai Lama congratulates Taiwan’s new President Lai Ching-te
  • Taiwan independence is ‘dead end’: China warns Taiwan’s new President
  • See us not only as victims but also as partners: Sikyong in Paris
  • Citizen journalist who reported on covid outbreak missing after scheduled release from prison
  • Taiwan President’s swearing-in Ceremony and CTA delegation: Interview with Representative Kelsang Gyaltsen

རེས་གཟའ་མིག་དམར། ༢༠༢༤།༠༥།༢༡

  • ༸གོང་ས་མཆོག་གིས་ཐའེ་ཝན་གྱི་སྲིད་འཛིན་གསར་པར་འཚམས་འདྲི་མཛད་པ།
  • རྒྱ་གཞུང་གིས་ཐེ་ཝན་རང་བཙན་ཟེར་བ་ནི་གྲུབ་ཐབས་མེད་པ་ཞིག་ཡིན་པའི་ཉེན་བརྡ་བཏང་འདུག
  • ང་ཚོ་ནི་གནོད་འཚེ་ཕོག་ཡུལ་ཞིག་ཏུ་མི་བལྟ་བར་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་མཁན་གྱི་མཉམ་ལས་པ་ཞིག་ལ་བརྩི་དགོས།
  • ཏོག་དབྱིབས་གཉན་རིམས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གྱི་རྒྱ་རིགས་གསར་འགོད་པ་ཞིག་གར་སོང་ཆ་མེད་དུ་གྱུར་འདུག
  • ཐེ་ཝན་གཞུང་འཛིན་གསར་པ་དང་བོད་མིའི་བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་ཀྱི་འཚམས་གཟིགས།

ཇར་མི་ནི་ནང་རྟེན་གཞི་བྱས་པའི་ Friedrich Naumann Foundation ཐེབས་རྩ་ཁང་གི་གོ་སྒྲིག་འོག་ཇར་མི་ནི་དང་ཨོ་སི་ཊི་ཡ་བཅས་ཡོ་རོབ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཁ་སང་བཞུགས་སྒར་དུ་ཕེབས་འབྱོར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་འཕྲད་གཙོས་བོད་པའི་སློབ་གྲྭ་ཁག་དང་རིག་གཞུང་གི་ལྟེ་གནས་ཁག་ལ་གཟིགས་སྐོར་གནང་བཞིན་པ་ལྟར། དེ་རིང་ཡོ་རོབ་གྲོས་ཚོགས་འཐུས་མིའི་རུ་ཁག་སྣེ་ཁྲིད་པ་དང་། ཇར་མན་གྲོས་ཚོགས་ཀྱི་གུ་ཡངས་མང་གཙོ་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ Torsten Herbst ལགས་རླུང་འཕྲིན་ཁང་ལ་གདན་ཞུས་ཀྱིས་དམིགས་བསལ་བཅར་འདྲི་ཞུས་པའི་ཁྲོད། ཁོང་གིས་བོད་མིའི་འཐབ་རྩོད་འདི་རང་དབང་དང་མང་གཙོ་འདོད་མཁན་ཡོངས་ལ་རེ་བའི་མེ་ལྕེ་ལྟ་བུ་ཞིག་ཡིན་པ་ལྟར་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ཅེས་གསུངས་སོང་།

སྐུ་ཞབས་ Torsten ལགས་ཀྱིས་ཁོང་རྣམས་བཞུགས་སྒར་གཙོ་བོར་གྱུར་པའི་བོད་ཀྱི་གནད་དོན་སྐོར་ལ་གོ་རྟོགས་འཕེལ་རྒྱུར་ཆེད་དམིགས་ཀྱིས་ཕེབས་པ་ཞིག་ཡིན་པ་དང་། རྩ་བའི་ཇར་མི་ནི་ནང་ཚང་མས་བོད་དང་༸གོང་ས་མཆོག་གི་སྐོར་ལ་ཐོས་མྱོང་ཡོད་ཀྱང་། ཁོང་རང་ཉིད་དེ་སྔ་དམར་ཤོག་གཞུང་འཛིན་འོག་ལ་འཚར་ལོངས་བྱུང་བའི་ཁྲོད་མང་གཙོ་དང་རང་དབང་། གསར་འགོད་པའི་རང་དབང་བཅས་ཀྱི་ཆེད་དུ་འཐབ་རྩོད་གནང་མྱོང་མཁན་ཞིག་ཡིན་སྟབས། བཞུགས་སྒར་དུ་ཕེབས་སྐབས་སུ་ཚོར་བ་དམིགས་བསལ་ཞིག་དང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག ཁོང་གི་ངོས་ནས་བོད་མིའི་འཐབ་རྩོད་ལ་དགོངས་བཞེས་ཐུབ་ཀྱི་འདུག་ཅེས་གསུངས་ཡོད།

རྒྱ་ནག་གི་ཐོག་ལ་ང་ཚོའི་ལྟ་ཚུལ་དེ་དུས་ཚོད་ཀྱི་ཆ་ནས་འགྱུར་བ་ཆེན་པོ་ཕྱིན་ཡོད། དེ་སྔ་ཡོ་རོབ་དང་རྒྱ་ནག་གཉིས་ཀྱི་དབར་ལ་ཚོང་འབྲེལ་ཤུགས་ཆེན་པོ་ཡོད་པའི་ཆ་ནས་དཔལ་འབྱོར་མཐུན་འབྲེལ་གྱི་སྲིད་བྱུས་འཛིན་གྱི་ཡོད་ཀྱང་། ད་ལྟ་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་གནད་དོན་དང་འབྲེལ་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱི་གཞུང་འཛིན་ཞིག་གི་བྱ་སྤྱོད་དང་ཉེན་ཁ་མངོན་གསལ་བྱུང་ཡོད། ལྷག་པར་དེང་སྐབས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་ཐོག་ལ་དྲག་པོའི་སྲིད་བྱུས་འཛིན་ཕྱོགས་ལ་གཞིགས་ཏེ། ཡོ་རོབ་དང་ཇར་མི་ནི་གཉིས་ཀྱི་ངོས་ནས་རྒྱ་ནག་ཐོག་ལ་བཞེངས་ཕྱོགས་གསར་པ་ཞིག་འཛིན་བཞིན་ཡོད་པ་དང་། དེའང་། རྒྱ་ནག་དང་མཉམ་དུ་འབྲེལ་ལམ་མུ་མཐུད་བཞག་ཡོད་ཀྱང་། ཚོང་འབྲེལ་གྱི་ཡོང་ཁུངས་གཞན་ལའང་ཐུགས་སྣང་གནང་གི་ཡོད་སྐོར་གསུངས་སོང་།

ཡོ་རོབ་གྲོས་ཚོགས་ཀྱི་རུ་ཁག་བཞུགས་སྒར་དུ་ཕེབས་པ་དང་འབྲེལ། དེ་རིང་སྔ་དྲོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆིན་པོ་མཆོག་གི་མཇལ་ཁ་ཞུ་གཏན་ཁེལ་ཡོད་ཀྱང་། མགོན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་རྐྱེན་གྱིས་མཇལ་འཕྲད་ཕྱིར་མཐེན་གནང་དགོས་བྱུང་ཡོད། སྐུ་ཞབས་ Torsten ལགས་ཀྱིས་ང་ཚོ་ཡོ་རོབ་མང་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་གིས་བོད་དོན་ཐོག་མཛད་པ་རླབས་ཆེན་སྐྱོང་བཞིན་པ་རྣམས་ལ་བསམ་ཤེས་ཞུ་ཐུབ་ཀྱི་ཡོད། ལྷག་དོན་༸གོང་ས་མཆོག་གིས་ཞི་བའི་ངང་ནས་རྒྱ་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཁེ་དབང་རྩོད་བཞིན་པར་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། ཇར་མི་ནིའི་མང་ཚོགས་ཚང་མས་༸གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་དམ་པར་དགའ་མོས་ཤུགས་ཆེར་ཞུ་བཞིན་ཡོད་ཅེས་གསུངས་ཡོད།

མ་ཟད། ཁོང་གིས་དེ་སྔ་དུམ་བུ་གཉིས་ལ་གྱེས་པའི་ཇར་མི་ནི་དེ་ང་ཚོའི་མི་ཚེ་འདིའི་ནང་མཉམ་འཛོམས་བྱུང་མི་སྲིད་པར་ངོས་འཛིན་བྱས་ཡོད་ཀྱང་། ཕྱི་ལོ་ ༡༩༨༩ ལོར་གློ་བུར་དུ་མཉམ་འཛོམས་བྱུང་ཡོད་པ་ལྟར་འཐབ་རྩོད་ཀྱི་གྲུབ་འབྲས་གང་ཡོང་མིན་ཞུ་ཚོད་ཁག་པོ་ཡིན་སྟབས། བོད་མིའི་འཐབ་རྩོད་ཀྱི་གནས་བབ་དེ་ད་ལྟ་ཁག་པོར་གཟིགས་ཀྱི་ཡོད་པ་དེ་ལྟར་ཡང་། བོད་མིའི་ངོས་ནས་དངོས་ཡོད་གནས་ཚུལ་དང་མཐུན་པའི་དགོས་འདུན་འོག་ནས་འཐབ་རྩོད་གནང་བཞིན་ཡོད་སྟབས། དེར་ཡི་རང་བསྔགས་བརྗོད་དང་བོད་དོན་བདེན་མཐའ་མགྱོགས་མྱུར་གསལ་བའི་ཐུགས་རེ་ཆེན་པོ་གནང་བཞིན་ཡོད་ཅེས་གསུངས་སོང་།

སྤྱིར་ཇར་མི་ནི་དང་ཨོ་སི་ཊི་ཡ་བཅས་ཡོ་རོབ་རྒྱལ་ཁབ་གཉིས་ཀྱི་གྲོས་ཚོགས་འཐུས་མི་དྲུག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱལ་ས་ལྡི་ལིར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་མཇལ་མོལ་གནང་བ་དང་། དེ་བཞིན་བཞུགས་སྒར་དུ་བཀའ་བློན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་ཆེད་ཕེབས་ཀྱིས་ཚོགས་གཙོ་སྦྲེལ་པོ་དང་མཇལ་འཕྲད་གནང་བ། བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་མཇལ་འཕྲད་གནང་ཡོད་པར་མ་ཟད། བོད་ཀྱི་རིག་གཞུང་གི་ལྟེ་གནས་ཁག་ཏུ་ཕེབས་ཏེ་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་བཅས་ཀྱི་སྐོར་ལ་གླེང་མོལ་ལྷུག་པོ་བྱུང་ཡོད།

སྐུ་ཞབས་ Torsten Herbst ལགས་ཀྱིས་དྲུག་བཞིའི་དོན་རྐྱེན་ལྟ་བུའི་དྲག་རྩུབ་ཀྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གཞུང་ལས་ལྡོག་སྟེ། བཙན་བྱོལ་བོད་མི་རྣམས་ཀྱིས་ཡོ་རོབ་མང་གཙོའི་རྒྱལ་ཁབ་ལྟར་བཙན་བྱོལ་དུ་མང་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུགས་ཆེད་འཛུགས་གནང་ཡོད་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་བྱུང་སོང་ཞེས་གསུངས་སོང་།

སྐུ་ཞབས་ Torsten ལགས་ཀྱིས་ད་དུང་རྒྱ་ནག་གི་ངོས་ནས་ཁོང་རྣམས་བཞུགས་སྒར་དུ་ཕེབས་པའི་སྐོར་ལ་ཤེས་རྟོགས་བྱུང་ཡོད་ཤག་ཡིན་པ་དེ་ལྟར་ནའང་། ཁོང་སྐུ་སྒེར་ལྟ་བུར་ཆ་མཚོན་ན་རྒྱ་ནག་ལ་རྩ་བ་ནས་ཞེད་སྣང་སྐྱེས་མཁན་ཞིག་མིན་ཞེས་གསུངས་པ་དང་ཆབས་ཅིག བོད་མིའི་འཐབ་རྩོད་འདི་ནི་རྒྱ་ནག་གི་འོག་ལ་གདུག་རྩུབ་མྱོང་བཞིན་པའི་རྒྱ་རིགས་མང་ཚོགས་གཙོས་རང་དབང་དང་མང་གཙོ་འདོད་མཁན་ཚང་མར་རེ་བའི་མེ་ལྕེ་ལྟ་བུ་ཞིག་ཆགས་ཡོད་པའི་ཆ་ནས་བོད་མིའི་འཐབ་རྩོད་དེ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་དང་། ཁོང་གི་ངོས་ནས་དེར་རྒྱབ་སྐྱོར་ཡོད་ཅེས་གསུངས་སོང་།

སྐུ་ཞབས་ Torsten Herbst ལགས་ཀྱིས་དབུས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དེ་རིང་ཕྱི་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་གོ་སྒྲིག་གནང་སྟེ། གྲོས་ཚོགས་འཐུས་མི་རྣམས་ནས་བཞུགས་སྒར་དུ་བོད་དང་བོད་དོན་འཐབ་རྩོད་སྐོར་ལ་རྒྱུས་ལོན་གནང་ཕྱིར་ཆེད་ཕེབས་གནང་ཡིན་སྐོར་དང་། དེ་སྔ་བོད་དོན་སྐོར་ཤེས་རྟོགས་ཡོད་པའི་སྟེང་ལ་བློ་བསྐྱེད་ཧ་ཅང་མང་པོ་རག་སོང་ཞེས་དང་སྦྲགས་ཕྱིར་རང་ཡུལ་ལ་ཕེབས་རྗེས་གཞུང་མང་གཉིས་ལ་བོད་ཀྱི་གནད་དོན་དང་ཁོར་ཡུག་བཅས་ཀྱི་ཛ་དྲག་རང་བཞིན་ལ་རྒྱབ་སྐྱོར་དང་རྒྱལ་སྤྱིའི་སྡིངས་ཆར་གླེང་སློང་གནང་རྒྱུ་དང་ཁྲིམས་སྒྲིག་གཏན་འབེབས་ཡོང་ཐབས་ཐོག་ལ་ཕྱག་ལས་གནང་རྒྱུ་ཡིན་སྐོར་གསུངས་པ་དང་ཆབས་ཅིག བོད་མི་ཚོས་རང་གི་མང་གཙོ་དང་རང་དབང་དོན་དུ་ཡིད་ཆེད་ནམ་ཡང་བརླག་རྒྱུ་མེད་པ་སོགས་གསུངས་སོང་།

ཇར་མི་ནི་ནང་རྟེན་གཞི་བྱས་པའི་ Friedrich Naumann Foundation ཐེབས་རྩ་ཁང་དང་ལྷག་པར་ཐེབས་རྩ་ཁང་གི་རྒྱ་གར་སྡེ་ཚན་གྱི་ངེས་སྟོན་པ་ Dr Carsten Klein ལགས་ཀྱིས་འདི་ལོར་ཐེབས་རྩ་ཁང་གིས་གྲོས་ཚོགས་འཐུས་མི་རྣམས་ཀྱི་སྐོར་སྐྱོད་གོ་སྒྲིག་གནང་བ་བཞིན། ལོ་རྗེས་མར་ཡོ་རོབ་ནང་གི་སྤྱི་དམངས་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣའི་སྐོར་སྐྱོད་ཅིག་གོ་སྒྲིག་གནང་འཆར་ཡོད་སྐོར་གསུངས་ཏེ། མ་འོངས་པར་ཐེབས་རྩ་ཁང་ནས་་ལྷན་ཚོགས་རིགས་གོ་སྒྲིག་གནང་སྐབས་དེའི་ཐོག་བོད་མིའི་སྐུ་ཚབ་ངེས་པར་དུ་མགྲོན་འབོད་གནང་རྒྱུ་ཡིན་པར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།