Tibetan Royal Year of 2151 | Year of the Wood Dragon

བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་ཞབས་ཟུར་པ་རྣམས་ལ་ཆེ་བསྟོད་སྣེ་ལེན་ཞུས་པ།

Tibetan News Headlines

  • India declines China’s request to resume flights after 4 years, says ‘no flights without border peace’
  • Tibetan parliament appoints Passang Tsering as member of the Public Service Commission
  • China named amongst countries with policy or pattern of government-sponsored trafficking
  • Alalamo: Jhola Techung’s ‘Gratitude Song to India’ and Toeshey ‘Dhakpa’

རེས་གཟའ་མིག་དམར། ༢༠༢༤།༠༦།༢༥

  • ས་མཚམས་སུ་ཞི་བདེ་སླར་གསོ་མ་བྱུང་བར་ཕྱོགས་གཉིས་ཀྱི་གནམ་གྲུའི་འགྲུལ་བཞུད་གཙོས་རྒྱུན་ལྡན་གྱི་འབྲེལ་ལམ་བསྐྱར་གསོ་ཐུབ་ཐབས་མེད་པ་གསུངས་འདུག
  • པ་སངས་ཚེ་རིང་ལགས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་བསྐོ་གཞག
  • རྒྱ་ནག་ནང་དུ་སྲིད་གཞུང་གི་རྒྱབ་སྐྱོར་ཡོད་པའི་མི་ཚོང་ལས་དོན་བྱུང་བཞིན་པ་མངོན་གསལ་གནང་འདུག
  • ཨ་ལ་ལ་མོའི་ལེ་ཚན། ཇོ་ལགས་བཀྲས་ཆུང་ལགས་ཀྱིས་བླངས་པའི་དྲིན་ཆེན་རྒྱ་གར་དང་། དག་པ་ཤེལ་རི་དཀར་པོ།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་དུས་ཚིགས་དང་བསྟུན། ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་སྲིད་སྐྱོང་ཚོགས་ཁང་དུ་བརྟན་བཞུགས་ལ་དངོས་སུ་བཅར་མཁན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཟུར་པ་རྣམས་ལ་ཆེ་བསྟོད་སྣེ་ལེན་དང་སྲི་ཞུ་སྒྲུབ་པའི་སྐབས་སུ་རང་ཉིད་ཀྱི་མྱོང་ཚོར་སོགས་ཀྱི་ཐོག་ལ་གཏམ་བཤད་ལས་རིམ་ཞིག་སྐོང་ཚོགས་གནང་སོང་།

Former Civil Servants
Photo Credit: Tibet.net

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེརིང་མཆོག་གི་དབུས་པའི་མཛད་གཙོ་རྣམ་པ་དང་གཞུང་ཞབས་ཟུར་པ། དེ་བཞིན་ད་ལྟའི་སྲི་ཞུ་ལས་བྱེད་བཅས་འདུ་འཛོམས་གནང་སོང་བ་དང་། སྲིད་སྐྱོང་མཆོག་གི་ལས་རིམ་གཙོ་སྐྱོང་དང་སྦྲགས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ལགས། ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དགས་པོ་བསོད་ནམས་ནོར་བུ་ལགས། བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས། བཀའ་ཟུར་བསྟན་པ་ཚེ་རིང་ལགས། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་བཅས་ནས་རང་ཉིད་སྲི་ཞུ་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་བ་དང་འབྲེལ་ནས་ཞབས་ཞུ་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཀྱི་འདོད་བློ་ཁེངས་ཤོས་དང་། ད་ཡོད་སྲི་ཞུ་བ་རྣམས་ལ་ཁ་ཏ་ལམ་སྟོན། དེ་བཞིན་སྒྲིག་འཛུགས་གྱི་ལས་དོན་གནང་ཕྱོགས་ཀྱི་ཐོག་ལ་དགོངས་ཚུལ་ཇི་ཡོད་སོགས་ཀྱི་སྐོར་གསུངས་བཤད་གནང་སོང་།

མི་ལོོ་ལྔ་བཅུའི་རིང་ཞབས་ཞུ་སྒྲུབ་མཁན་བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་ལགས་ཀྱིས་སྐབས་དེར་ཁོང་རང་ཉིད་ཐོག་མར་གཞུང་ཞབས་སྒྲུབ་པའི་སྐབས་ཀྱི་གནས་སྟངས་ཞན་པོ་ཡོད་པའི་དཔེ་མཚོན་ཁག་ཅིག་ལུང་འདྲེན་དང་སྦྲགས། སྐབས་དེའི་དུས་དེའི་ཚེ་མཐུན་རྐྱེན་དེ་ཙམ་མེད་ནའང་སྲི་ཞུ་གྲུབ་མཁན་ཚོས་སྐུ་ལས་ཧ་ཅང་བསྐྱོན་ཡོད་སྐོར་ངོ་སྤྲོད་དང སྦྲགས། མཐུན་རྐྱེན་མེད་ཀྱང་སེམས་ཤུགས་ཡོད་ན་གོམ་པ་མདུན་སྤོས་བྱེད་ཐུབ་པ་མ་ཟད། སླེབས་དགོས་སར་སླེབས་ཐུབ་ཀྱི་ཡོད་པ་དེ་སྤོབས་པ་བྱ་དགོས་པ་ཞིག་རེད་ཅེས་གསུངས་སོང་།

Former Civil Servants
Photo Credit: Tibet.net

བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་༸གོང་ས་མཆོག་གི་དབུ་ཁྲིད་འོག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་མང་གཉིས་ཀྱི་སྐུ་ལས་བསྐྱོན་པ་དེར་ཕྱི་མི་ཞིག་གིས་བལྟས་པ་ཡིན་ན་འཛམ་གླིང་ནང་གི་རྒྱལ་ཁབ་མང་པོས་གྲུབ་འབྲས་བཏོན་མ་ཐུབ་པ་དེ་ང་ཚོས་སྤོབས་པ་ཆེན་པོའི་སྒོ་ནས་བཏོན་ཐུབ་ཡོད་པ་ནི་གྲུབ་འབྲས་ཚད་མཐོ་ཤོས་ཤིག་ཡིན་པ་མ་ཟད། ༸གོང་ས་མཆོག་གི་དགོངས་གཞི་ལྟར་འཛམ་གླིང་གང་སར་བོད་མིའི་རིག་གཞུང་དང་སྐད་ཡིག་ངོ་སྤྲོད་གནང་ཐུབ་པ་དེས་རིག་གཞུང་རྙིང་པ་ཡིན་ཡང་ད་ལྟའང་ཁ་གྲག་ཐུབ་ཡོད་པ་མ་ཟད། རིན་ཐང་ཆེན་པོར་གྱུར་ཡོད་པ་གསུངས་སོང་།

དེ་བཞིན་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱས་ལགས་ཀྱིས་སྲི་ཞུ་བ་ཚོས་ཞབས་ཞུ་སྒྲུབ་སྐབས་རྒྱབ་མདུན་ངོ་ལྐོག་མེད་པར་ལྷག་བསམ་རྣམ་དག་དང་གཞུང་མང་བར་ཡིད་ཆེས་མ་བརླག་པ་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་བ་མ་ཟད། བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་ང་ཚོ་ཚང་མས་༸གོང་ས་མཆོག་གི་སྐུ་དྲིན་ཞེས་ཞལ་ཙམ་མིན་པར་ངེས་པ་རྙེད་ཐུབ་པ་བྱ་རྒྱུ་གཙོས་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་རྒྱ་ཆེ་མི་མང་གི་རེ་བ་བྱེད་ས་དེ་ཡིན་སྟབས། སོ་སོའི་ཁྱད་ལས་དེ་སྒྲིག་འཛུགས་འདིའི་བརྒྱུད་དེ་བེད་སྤྱོད་གནང་ན་ནུས་པ་ཆེ་བ་འཐོན་ངེས་ཡིན་པ་མ་ཟད། སྲི་ཞུ་བ་རྣམས་ལས་ཁུངས་ཀྱི་དུས་ཚོད་མིན་པའི་སྐབས་སུ་ཕན་ཚུན་འཛོམས་འཛོམས་མང་ཙམ་གནང་ནས་བསམ་ཚུལ་བརྗེ་རེ་གནང་རྒྱུ་དེ་གལ་ཆེན་པོ་ཡིན་པ་གསུངས་སོང་།

Former Civil Servants
Photo Credit: Tibet.net

གཞན་ཡང་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ ༡༩༩༠ ལོར་༸གོང་ས་མཆོག་གིས་བཀའ་སྤྱི་གཉིས་ཁུ་བསྡུས་གནང་སྐབས་འོས་བསྡུ་ཚོགས་ཆུང་ནང་ཁོང་ཡོད་པ་དང་སྐབས་དེར་འོས་བསྡུའི་ཆེད་མཚོན་རྟགས་ཀྱི་ཐོག་ནས་འོས་འཕེན་རྒྱུ་བཟོ་པ་དེ་དུས་ད་ལྟའང་འགྲོ་བཞིན་ཡོད་པ་ནི་འདོད་པ་ཚིམས་ཤོས་ཤིག་ཡིན་པ་གསུངས་སོང་བ་དང་། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དེ་བཞིན་ཁྱིམ་ཚང་གཅིག་ལ་ངོས་འཛིན་གནང་གི་ཡོད་སྐོར་གསུང་པ་དང་འབྲེལ། ད་ལན་སླར་ཡང་ཁྱིམ་ཚང་ནང་སླེབས་ཐུབ་པར་ཚོར་སྣང་ཧ་ཅང་གི་དགའ་པོ་བྱུང་ཞེས་གསུངས་པ་དང་སྦྲགས། ༸གོང་ས་མཆོག་གི་དུས་དང་རྣམ་པ་ཀུན་ཏུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཞེས་རྐང་པ་གཉིས་ཉམས་ལེན་གནང་དགོས་པ་གསུངས་དོན་ལྟར། སྲི་ཞུ་བ་ཚོས་ཞབས་ཞུ་སྒྲུབ་པའི་སྐབས་ཕྱི་གསལ་ནང་གསལ་དང་འགན་འཁུར་གཉིས་ནི་ཆབ་སྲིད་པ་དང་གཞུང་ཞབས་པ་ཞིག་གི་རྐང་པ་གཙོ་བོ་དེ་ཡིན་པ་གསུངས་སོང་།

Former Civil Servants
Photo Credit: Tibet.net

དེ་བཞིན་ཁ་སང་གི་ལས་རིམ་དེའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁོང་གི་སྣེ་ཁྲིད་པའི་བཀའ་ཤག་སྐབས་ ༡༦ པའི་ཕྱག་ལས་གནང་ཕྱོགས་སྤྱི་དང་། ལྷག་པར་དུ་ཁོང་གི་ལས་ཡུན་ནང་གྲངས་ཐོ་ཚད་དང་ལྡན་པ་ཞིག་བཟོ་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ། ཐེངས་འདིའི་བཀའ་ཤག་གི་ལས་དོན་ཁྲོད་ E-governance & Digitization ཞེས་གློག་རྡུལ་བརྒྱུད་ལམ་དང་གྲངས་རིག་ཅན་བསྒྱུར་རྒྱུའི་ལས་འཆར་གྱི་འོག་ནས་རང་རེའི་གཞུང་ཞབས་ཟུར་པའི་ཁོངས་ནས་དཀར་ཆགས་བཟོ་རྒྱུར་རོགས་འདེགས་ཞུ་ཐུབ་མཁན་རིགས་ཡོད་ན་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་གསུངས་སོང་།

Former Civil Servants
Photo Credit: Tibet.net

འབྲེལ་ཡོད་གསར་གནས།

གསར་གནས།