རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁྷནཌ་མངའ་སྡེའི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ངོས་ནས་ནའི་ནི་ཏལ་ཁུལ་དུ་ཚོང་ལས་གཉེར་བཞིན་པའི་བོད་རིགས་ན་གཞོན་ཡེ་ཤེས་ཐུབ་བསྟན་ལགས་སུ་མངའ་སྡེ་དེའི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་འཐུས་མིའི་སྐུ་ཚབ་ཏུ་བསྐོ་བཞག་གནང་འདུག

དེ་ཡང་ཁ་སང་ཕྱི་ཚེས་ ༢༣ ཉིན་ཡེ་ཤེས་ཐུབ་བསྟན་ལགས་ཀྱི་གཙོས་པའི་མངའ་སྡེ་དེའི་གྲངས་ཉུང་མི་རིགས་ཀྱི་སྐུ་ཚབ་མི་གྲངས་བདུན་ནས་ཨུ་ཏར་ཁྷནཌ་མངའ་སྡེའི་རྒྱལ་ས་སྡེ་ར་སྡུན་ཁུལ་དུ་གྲངས་ཉུང་མི་རིགས་བདེ་དོན་ཚོགས་པའི་དྲུང་ཆེ་མཆོག་ནས་ལས་འཁུར་དམ་བཅའ་བཞེས་པ་དང་བསྟུན་བསྐོ་བཞག་བྱུང་བའི་ཕྱག་འཁྱེར་ཡང་གསོལ་སྩལ་གནང་བ་བྱུང་འདུག

གཞི་རྩའི་ཡེ་ཤེས་ཐུབ་བསྟན་ལགས་ནི་ཨུ་ཏར་ཁྷནཌ་མངའ་སྡེའི་ནའི་ནི་ཏལ་ཁུལ་དུ་རྒྱུན་ལྡན་ཚོང་ལས་གཉེར་བཞིན་པའི་བོད་རིགས་ན་གཞོན་ཞིག་ཡིན་པ་དང་། དུས་རྒྱུན་ནས་སྤྱི་ཚོགས་ཀྱི་ཞབས་ཞུའི་ལས་དོན་ཐོག་འགན་འཁུར་མཉམ་ལེན་གནང་མཁན་ཞིག་ཡིན་འདུག ཁོང་གིས་ད་བར་ས་གནས་དེའི་གཞོན་ནུའི་རྒྱུན་ལས་ཀྱི་ཚོགས་གཞོན་སོགས་ཀྱི་ལས་འགན་བསྒྲུབས་ཡོད་པ་མ་ཟད། ས་གནས་རང་བདེན་ཚོགས་ཆུང་དང་ས་གནས་ཁྲོམ་རའི་སྐྱིད་སྡུག་བཅས་ཀྱི་རྒྱུན་ལས་ཀྱི་ལས་འགན་གནང་མུས་ཡིན་པ་རེད། ཁོང་གིས་གསུངས་དོན་བྱས་པ་ཡིན་ན། ད་རེས་ཁོང་མངའ་སྡེའི་གྲངས་ཉུང་མི་རིགས་ཀྱི་ནང་པའི་འཐུས་མིར་བསྐོ་བཞག་བྱུང་བ་དེ། ཕྱོགས་གཅིག་ནས་ཁོང་གི་པཱ་ལགས་དང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་བརྒྱུད་ལམ་སློབ་སྟོན་པ་གཉིས་བར་འབྲེལ་བ་དམ་ཟབ་ཡོད་པ་དང་། གཉིས་ནས་ཁོང་རང་ཉིད་ཀྱང་ཉམས་ཐག་ལ་རོགས་རམ་གནང་རྒྱུའི་མཚོན་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐད་དྭང་བླངས་ཀྱི་འདུན་པ་ཤུགས་ཆེར་ངོས་འཛིན་དང་སྦྲགས་ལས་འགན་དེར་བསྐོ་བཞག་བྱུང་ཡོད་པའི་འགྲེལ་བརྗོད་གནང་གི་འདུག

རྩ་བའི་ད་རེས་ཡེ་ཤེས་ཐུབ་བསྟན་ལགས་རྒྱ་གར་གྱི་མངའ་སྡེ་ཞིག་ནས་གྲངས་ཉུང་མི་རིགས་ཀྱི་འཐུས་མིར་བསྐོ་བཞག་བྱུང་བ་དེ་ནི། བོད་མི་ན་གཞོན་ཞིག་གཞུང་འབྲེལ་གྱི་ངོས་འཛིན་ཡོད་པའི་གོ་གནས་ཤིག་ཏུ་བསྐོ་བཞག་བྱུང་བ་ཐེངས་དང་པོ་དེ་ཡིན་པ་དང་། གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་འཐུས་མི་ཞིག་གི་ལས་འགན་ནི། མངའ་སྡེ་དེའི་ནང་ཡོད་པའི་གྲངས་ཉུང་མི་རིགས་ཚོའི་ཡར་རྒྱས་གནས་སྟངས་ལ་རྟོག་ཞིབ་དང་། ཁྲིམས་ཐོག་ནས་ཡོད་པའི་ཐོབ་ཐང་ཁག་ལ་སྲུང་སྐྱོབ་ཡོང་ཐབས། ལྷག་པར་དུ་གྲངས་ཉུང་མི་རིགས་ཚོའི་དཔལ་འབྱོར་དང་ཤེས་ཡོན་ཡར་རྒྱས་གཏོང་ཐབས་ཐད་གཞུང་ལ་གྲོས་འགོ་བཏོན་སྟེ། ཁྲིམས་སུ་ཡོད་པའི་ཐོབ་ཐང་ཁག་ལག་སོན་ཡོང་བ་གནང་རྒྱུ་དེ་ཡིན་པ་རེད། སྤྱིར་བཏང་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་འཐུས་མི་སོ་སོའི་ལས་ཡུན་དེ་ལོ་ལྔ་རེའི་མཚམས་ནས་ཚང་འགྲོ་ཡི་ཡོད་པ་རེད།




